སྤྱི་བཤད།

རྣམ་ཐར་ཟློས་གར་ལ་ཨ་མདོ་ཟློས་གར་ཡང་ཟེར་ལ། དུས་རབས18པའི་དུས་འགོར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་ནང་གསེས་ཏེ། བསང་ཆུའི་འགྲམ་རྒྱུད་དུ་ཆགས་པའི་བླ་བྲང་དགོན་པར་ཐོག་མར་དར་ལ། རྣམ་ཐར་ཟློས་གར་ནི་མདོར་བསྡུས་ནས་བཤད་ན། མིང་ལས་དོན་རྟོགས་ཐུབ་པ་ཞིག་ཡིན་ཞིང་། ལོ་རྒྱུས་མི་སྣའི་རྣམ་ཐར་དང་། ཡང་ན་དམངས་ཁྲོད་གཏམ་རྒྱུད་ནང་གི་མི་སྣ་མིང་གྲགས་ཅན། མི་རིགས་ཀྱི་དཔའ་བོ་བཅས་བརྗོད་བྱ་བྱེད་པར་མ་ཟད་གཏིང་ཟབ་ཀྱི་བརྗོད་དོན་ལྡན་པ་དང་། གཞི་ཆ་ཚང་བའི་སྒྱུ་རྩལ་ཅན་གྱི་ཟློས་གར་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན།

བྱུང་ཚུལ།

རྣམ་ཐར་ཟློས་གར་གྱི་བྱུང་ཚུལ་དེ་ཁུངས་གཏུགས་ནས་བཤད་ན། ཆེས་ཐོག་མར་སྤྱི་ལོ1728ནས1791སྟེང་བླ་བྲང་དགོན་པའི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་བོའི་དུས་ལ། གུང་ཐང་སྐུ་ཕྲེང་གསུམ་པ་བསྟན་པའི་སྒྲོན་མེས་སྤྱི་ལོ1762ནས་སྤྱི་ལོ1823བླ་བྲང་དགོན་པའི་ཁྲི་རབས21མཛད་བཞིན་པའི་སྐབས་སུ། ཐེངས་ཤིག་གུང་ཐང་ཚང་རྒྱལ་རོང་སོ་མང་དཔོན་རབས་དགུ་བ་སྒྲོལ་མ་འཚོས་གདན་འདྲེན་ཞུས་པ་ལྟར་རྒྱལ་རོང་དུ་ཕེབས་ནས་དེ་གའི་མཁའ་འགྲོ་རྣམ་ཐར་ཚོགས་པའི་འཁྲབ་སྟོན་བྱེད་པའི་མཁྱེན་རབས་པ་མགོན་པོ་རྡོ་རྗེ་ཞེས་པར་གཟིགས་རྗེས། སྒྲོལ་མ་འཚོས་གུང་ཐང་མཆོག་གིས་རྒྱལ་རོང་རྣམ་ཐར་ལ་བསྟོད་པ་གང་མང་གནང་བ་མཐོང་ནས། དེ་མ་ཐག་སེང་གེ་ཆ་གཉིས་དང་ཙ་རའི་གདོང་འབོག རྔ་སྦུབས་ཆ་ཚང་དང་བཅས་ཁོང་ལ་ཕུལ་བས་ཁོང་ཉིད་ལ་བག་ཆགས་གཏིང་ཟབ་ཅིག་ཐེབས། ཕྱིར་རང་དགོན་དུ་ལོག་རྗེས་ཀུན་མཁྱེན་སྐུ་ཕྲེང་གཉིས་པའི་བཀའ་མོལ་ལྟར་རྗེ་བཙུན་མི་ལ་རས་པའི་མགུར་གླུ་ཞེས་པའི་དཔེ་ཆ་ཞིག་བརྩམས་ཤིང་། དེའི་ནང་གི་མགུར་གླུའི་སྐོར་ཤ་འཆམ་དུ་བསྒྱུར་སྒྲིག་བྱས།

འཁྲབ་གཞུང་དེའི་བརྗོད་བྱ་གཙོ་བོ་ནི་རྗེ་བཙུན་མི་ལས་རྔོན་པ་མགོན་པོ་རྡོ་རྗེ་ལ་བཀའ་སློབ་གནང་སྟེ་ལག་གི་མདའ་གྲི་བཞག་ནས་ཆོས་ལ་དད་པ་དང་། རྒྱུད་ལ་བྱམས་དང་སྙིང་རྗེ་སྐྱེས་པ་བཅས་ཀྱི་གདམས་པ་གནང་བའི་གཏམ་རྒྱུད་ཅིག་ཡིན། དེའི་འགྲོ་བ་ཀུན་ལ་ཕན་ཞིང་མི་དང་སྲོག་ཆགས་བར་ཞི་མཐུན་ཡོང་བར་སྨོན་པའི་དཔེ་བཟང་ཁྱབ་སྤེལ་དུ་བཏང་ཡོད། འཁྲབ་གཞུང་གི་ཁྲོད་དུ་སློབ་སྟོན་པ་གཉིས་དང་རྔོན་པ་གཉིས། རྔོན་ཁྱི་གཉིས། ཤྭ་བ་གཉིས་བཅས་ཚང་མ་ཆ་རེ་ཆ་རེ་བྱས་ཡོད་པ་དེས་མི་སེམས་ཀྱི་དགེ་སྡིག་གི་ངོ་བོ་ཕྱོགས་གཉིས་ཀ་མཚོན་ཡོད་པ་དང་། སྒྱུ་རྩལ་བཀོལ་སྤྱོད་ཀྱི་སྟེང་ནས། དགོན་པའི་སྲོལ་རྒྱུན་གྱི་འཆམ་དང་དམངས་ཁྲོད་གླུ་གར་གྱི་སྒྱུ་རྩལ་གཉིས་ཟུང་འབྲེལ་བྱས་ཏེ། གླུ་ལེན་དང་གཏམ་བཤད། འདོན་རྟ་དང་བྲོ་གར་བཅས་ལྡན་པའི་སྒྲིག་གཞི་ཆ་ཚང་ཞིང་གཏམ་རྒྱུད་ཀྱི་བརྒྱུད་རིམ་མངའ་བའི་བྲོ་གར་གྱི་རྣམ་པ་ཞིག་གྲུབ་ཡོད་པ་ནི། གདོད་མའི་ལྐུགས་ཟློས་འཆམ་གྱི་རྣམ་པ་ལས་བརྒལ་ཏེ་གོ་རིམ་ངེས་ཅན་དང་ལྡན་པའི་འཁྲབ་སྟོན་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་འཕེལ་རྒྱས་བྱུང་། དེ་ནས་བཟུང་། ཤྭ་འཆམ་དེ་ལོ་རེའི་བདུན་པའི་རིག་སྒྲའི་སྐབས་སུ་འཁྲབ་སྟོན་གྱི་སྲོལ་ཚུགས་ཏེ། ད་ལྟའི་བར་དུ་དགོན་པ་སོ་སོའི་ནང་དུ་སྔར་བཞིན་འཁྲབ་ཀྱིན་འདུག འདི་ནི་རྣམ་ཐར་ཟློས་གར་གྱི་འབྱུང་ཁུངས་སུ་སྨྲ་ཆོག་པར་སྙམ། དུས་རབས20པའི་དུས་མགོར་སླེབས་རྗེས། སྤྱི་ལོ1910ནས1947སྟེང་སྐྱབས་མགོན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་བསྟན་པའི་རྒྱལ་མཚན་མཆོག་ལྷ་སར་ཆོས་སློབ་ཏུ་ཕེབས་སྐབས། སྒེག་ཉམས་ལྡན་པའི་རྣམ་ཐར་གྱིས་ཁོང་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་པས། སྤྱི་ལོ1940ལོར་ཁོང་ལྷ་ས་ནས་ཕྱིར་བླ་བྲང་དགོན་པར་ཕྱིན་རྗེས། བླ་མ་གླིང་ཚང་ལ་འཁྲབ་གཞུང་འབྲི་དགོས་པ་དང་འཁྲབ་ཁྲིད་སྦྱོང་བརྡར་བྱེད་དགོས་པའི་བཀའ་མོལ་གནང་། ཕྱི་ལོར། སྲོང་བཙན་སྒམ་པོ་ཞེས་པའི་རྣམ་ཐར་ཟློས་གར་དེ་ཐོག་མར་བླ་བྲང་དགོན་པ་ནས་དངོས་སུ་འཁྲབ་སྟོན་མཛད། དེ་ནི་ཤྭ་འཆམ་གྱི་འཁྲབ་གཞུང་གི་འབྲི་སྟངས་དང་ལྷ་སའི་ཟློས་གར་གྱི་མཚོན་ཐབས་གཞིར་འཛིན་པ་དང་མཉམ་དུ་དམངས་ཁྲོད་གླུ་གར་དང་ས་ཁུལ་གླུ་མ་གཏམ་གྱི་ཆ་བསྡུ་ལེན་བྱེད་པ་བརྒྱུད་སྒྲ་དབྱངས་སྣ་ཚོགས་ཀྱིས་རམ་འདེགས་བྱས་ནས་གྲུབ་པ་ཞིག་རེད། སྲོང་བཙན་སྒམ་པོ་འཁྲབ་སྟོན་བྱས་རྗེས་ཨ་མདོ་ས་ཁུལ་ལ་བག་ཆགས་ཆེན་པོ་ཞིག་བཞག་སྟེ། ཨ་མདོ་ས་ཁུལ་གྱི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་དགོན་པ་ཆེ་ཆུང་ཁ་ཤས་ལའང་ཁྱབ་ཅིང་། དམངས་ཁྲོད་ནས་ཀྱང་རྣམ་ཐར་ཟློས་གར་ལ་ལད་ཟློས་བྱས་སྟབས་ས་ཁུལ་སོ་སོའི་ཟློས་གར་ཚོགས་པ་དང་འཁྲབ་གཞུང་ཡང་ཇེ་མང་དུ་སོང་སྟེ་རྣམ་ཐར་ཟློས་གར་དེ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟློས་གར་གྱི་རྣམ་པ་ཞིག་ཏུ་གྱུར།

འཕེལ་རྒྱས།

ཀྲུང་གོ་གསར་བ་དབུ་བརྙེས་པ་དང་ལྷག་པར་དུ་སྤྱི་ལོ1953ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་པ་དང་མཉམ་དུ་མི་དམངས་ཀྱི་བསམ་བློ་དེ་སྲོལ་རྒྱུན་གྱི་སྒྲོག་ལས་བཅིངས་གྲོལ་ཐོབ་ནས་རིག་གནས་འཚོ་བ་ཉིན་བཞིན་ཡར་རྒྱས་དང་རྣམ་ཐར་ཟློས་གར་མུ་མཐུད་དུ་ཇེ་མང་དུ་སོང་བ་རེད། སྤྱི་ལོ1955ལོར་བླ་བྲང་དགོན་པའི་རྣམ་ཐར་ཨང་གཉིས་པ་དད་པ་བརྟན་པོ་ཞེས་པ་འཁྲབ་སྟོན་བྱས་ཤིང་། ལོ་དེར་བླ་བྲང་དགོན་པའི་སྔགས་པ་གྲྭ་ཚང་གིས་ཀན་ལྷོ་ས་ཁུལ་གྱི་རྣམ་ཐར་ཟློས་གར་ཨང་གསུམ་པ་དྲིན་མེད་ཀུན་ལྡན་ཞེས་པ་འཁྲབ་སྟོན་བྱས་པ་མ་ཟད། ནུབ་བྱང་ཞིང་ཆེན་ལྔའི་ཟློས་གར་སྐོར་འཁྲབ་ཏུ་ཞུགས་ནས་བྱ་དགའ་དང་པོ་ཐོབ། སྤྱི་ལོ1956ལོར་ཡང་འགྲོ་བ་བཟང་མོ་ཞེས་པའི་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱས་ཤིང་། དེ་རྗེས་རྣམ་ཐར་འཁྲབ་གཞུང་དེ་ཀན་ལྷོ་ས་ཁུལ་གྱི་བོད་རིགས་དམངས་ཁྲོད་དུ་རྒྱ་ཆེར་ཁྱབ་བརྡལ་བྱུང་། ཀླུ་ཆུ་དང་རྨ་ཆུ། ཅོ་ནེ། ཐེ་བོ། འབྲུག་ཆུ་སོགས་རྫོང་དང་དགོན་པ། གྲོང་སྡེ་སོགས་སུའང་རྣམ་ཐར་ཚོགས་པ་གང་མང་བྱུང་། ལོ་རབས་ལྔ་བཅུ་བའི་མཇུག ཀན་ལྷོ་ཁུལ་དུ་རྣམ་ཐར་ཚོགས་པ36ལ་འཕར་བ་དང་། འཁྲབ་གཞུང10ཙམ་བྱུང་ཡོད། ཡིན་ནའང་། སྤྱི་ལོ1958ལོར་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེན་གནང་བ་དང་མཉམ་དུ་རྣམ་ཐར་ཟློས་གར་དེ་རྨོངས་དད་ཆོས་ལུགས་ཁྱབ་བསྒྲགས་དང་བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་ལ་བསྟོད་གླུ་འཐེན་པའི་སྒྱུ་རྩལ་རྣམ་པ་ཞིག་ཏུ་ངོས་བཟུང་ནས་བཀག་འགོག་བྱས། ལོ་རབས་དྲུག་ཅུ་བར་ཐོན་དུས། རྣམ་ཐར་སླར་ཡང་དར་ཆེ་བའི་དུས་སྐབས་ཤིག་ལ་སླེབས། བླ་བྲང་དགོན་པའི་རྣམ་ཐར་ཚོགས་པས་སྤྱི་ལོ1960ལོར་རཱ་མ་ཎའི་རྟོགས་བརྗོད་ཅེས་པ་འཁྲབ་སྟོན་བྱས་པ་དང་། སྔགས་པ་གྲྭ་ཚང་གིས་ཀྱང་སྤྱི་ལོ1962ལོར་ཨ་སྟག་ལྷ་མོ་ཞེས་པ་འཁྲབ་སྟོན་བྱས། འོན་ཀྱང་། སྐལ་བཟང་གི་དུས་ཡུན་མ་བརྟན་པར། རིག་གསར་བྱ་འགུལ་གྱི་འགོ་བརྩམས་པ་ནས་རྣམ་ཐར་འཁྲབ་སྟོན་ལ་སླར་ཡང་བཀག་སྡོམ་ཐེབས་པ་མ་ཟད། རྣམ་ཐར་ལ་དོ་སྣང་བྱེད་རྒྱུར་དགའ་བའི་སྤྲུལ་སྐུ་དང་དགེ་བཤེས། སྒྱུ་རྩལ་པ་མང་པོ་ཞིག་ལའང་རྡུང་རྡེག་ཚབས་ཆེན་ཐེབས།

རྣམ་གྲངས།

སྤྱི་ལོ1964ལོར་སྲོང་བཙན་སྒམ་པོའི་རྣམ་ཐར་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་། དུས་རབས་ཕྱེད་ཀྱི་རིང་གི་གསར་རྩོམ་འཁྲབ་སྟོན་ཁྲོད། འཁྲབ་རྩལ་གྱི་ཆུ་ཚད་དང་འཁྲབ་གཞུང་གི་གྲངས་ཀ་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་བ་རེད།

ཐོག་མའི་བསྡོམས་རྩིས་ལྟར་ན་སྲོལ་རྒྱུན་གྱི་ཟློས་གར་ཆེན་པོ་བརྒྱད་ཀྱི་ནང་གསེས་འགྲོ་བ་བཟང་མོ་དང་དྲི་མེད་ཀུན་ལྡན། ཆོས་རྒྱལ་ནོར་བཟང་། སྣང་ས་འོད་འབུམ་སོགས་འཁྲབ་སྟོན་བྱེད་པ་མ་ཟད། གཞན་བོད་ཀྱི་ལོ་རྒྱུས་བརྗོད་བྱ་བྱེད་པའི་ཟློས་གར་སྲོང་བཙན་སྒམ་པོ་དང་། རཱ་མ་ཎའི་རྟོགས་བརྗོད། ཁྲི་སྲོང་ལྡེ་བཙན་བཅས་གར་དུ་འཁྲབ་ལ། ད་དུང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གེ་སར་སྒྲུང་ལས་ཨ་སྟག་ལྷ་མོ་དང་ཧོར་གླིང་གཡུལ་འགྱེད། བདུད་འདུལ་བཅས་བསྐྱར་སྒྲིག་དང་འཁྲབ་སྟོན་བྱས་པ་མ་ཟད། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ལ་གསར་དུ་བརྩམས་པའི་དེང་རབས་རྣམ་ཐར་ཟློས་གར་རྡོ་རིང་ངམ་རྒྱལ་རྩེ་གཡུལ་འགྱེད་ཅེས་པ་འཁྲབ་སྟོན་བྱས་ཤིང་། བསྡོམས་རྩིས་བྱས་ན་འཁྲབ་སྟོན་བྱས་པའི་འཁྲབ་གཞུང་བཅོ་ལྔ་ལྷག་ཡོད། རྣམ་ཐར་ཟློས་གར་གྱི་འཕེལ་རིམ་ཁྲོད་དུ་འདི་ལྟ་བུའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་མཆིས་ཏེ། འཁྲབ་གཞུང་དེ་སྲོལ་རྒྱུན་གྱི་རྩོམ་སྟངས་ནས་དེང་རབས་གསར་རྩོམ་ལ་ཁ་ཕྱོགས་པ་དང་། བརྗོད་བྱའི་ཆ་ནས་ལོ་རྒྱུས་དོན་རྐྱེན་དངོས་ཡོད་ཀྱི་འཚོ་བར་ཁ་ཕྱོགས་པ་རེད། ག་པར་དུ་དགོན་སྡེ་ནས་དམངས་ཁྲོད་ལ་དར་བ་དང་། དམངས་ཁྲོད་ནས་གར་སྟེགས་ཀྱི་རྣམ་པར་གྱུར་བས་འཁྲབ་སྟོན་གྱི་སྤུས་ཀ་ལ་ངོ་བོའི་ཐོག་ནས་ཡར་རྒྱས་ཆེན་པོ་སོང་ཡོད་པ་མ་ཟད། སྔར་བཞིན་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་མི་དམངས་མང་ཚོགས་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད། ད་སྔའི་བར་ཁུལ་ཡོངས་སུ་ཟློས་གར་ཚོགས་པ་བཅུ་ལྷག་ཡོད་ལ་དེ་དག་དམངས་ཁྲོད་དུ་རྩ་བ་གཏིང་ནས་ཚུགས་ཤིང་རྩེ་མོ་གནམ་ལ་རྒྱས་པར་འདུག མདོར་ན། རྣམ་ཐར་ཟློས་གར་ནི་བོད་ཀྱི་ཟློས་གར་གྱི་རིགས་ཤིག་ཡིན་པའི་ཆ་ནས་བཤད་ན། དེ་ནི་བོད་ཀྱི་ཟློས་གར་གྱི་མ་ལག་གཅིག་ཡིན་ལ་ས་ཁུལ་རང་བཞིན་ཅན་གྱི་ཟློས་གར་འཁྲབ་རྒྱུན་ཞིག་ཀྱང་ཡིན། དེར་ཨ་མདོའི་ས་ཁུལ་གྱི་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད། བོད་ཁམས་སྤྱི་དང་རྒྱལ་ཡོངས་ལའང་ཤུགས་རྐྱེན་མི་དམན་པ་བཞག་ཡོད། རྣམ་ཐར་ཟློས་གར་འདི་ནི་བོད་དང་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་བང་མཛོད་ཁྲོད་དུ་མཚར་སྡུག་གིས་བཞད་པའི་མེ་ཏོག་ཚོམ་བུ་ཞིག་ཡིན་ནོ།།


点赞(541) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部