སངས་རྒྱས་བཀྲ་ཤིས།   སྤྱི་ལོ་༡༩༦༦་ལོར་མདོ་སྨད་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་དུ་ཞིང་བའི་ཁྱིམ་ཚང་ཞིག་ནས་སྐྱེས།      ༡༩༨༢ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་གྲྭར་རྒྱུགས་འཕྲོད་ཅིང་སློབ་གྲྭ་དེ་ཀ་ནས་ལོ་གསུམ་ལ་སློབ་སྦྱོང་བྱས།    དེའི་སྐབས་སུ་ངེས་པ་དོན་གྱི་མཁས་པའི་དབང་པོ། མཁས་བཙུན་བཟང་གསུམ་གྱི་གཏེར་ཆེན་པོ་སྐྱབས་མཆོག   ༧ བསེ་མཆོག་སྤྲུལ་རིན་པོ་ཆེའི་ཞལ་མཇལ་ཏེ་གསུང་གི་བདུད་རྩི་མྱོང་བའི་སྐལ་བའི་མཆོག་ལྡན་ཞིང་།     དེ་སྔའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་གངས་ལྗོངས་སྨྱུག་འཛིན་དབང་པོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་མདུན་ནས་བོད་ཀྱི་ ཁུངས་བཙུན་ཡིག་གཟུགས་འབྲི་ཚུལ་སློབ་པའི་གོ་སྐབས་བཟང་པོ་བྱུང་།   དུས་དེ་ནས་བཟུང་བོད་རང་གི་རིག་གནས་དང་སློབ་གསོའི་བྱ་བ་བསྒྲུབ་རྒྱུའི་འདུན་པ་རྣལ་མ་ཞིག་ངང་གིས་ཡིད་ལ་འཆང་འདུག   སློབ་གྲྭ་དེ་ཀ་ནས་མཐར་ཕྱིན་རྗེས་བསང་ཆུ་རྫོང་ཁོ་ཚེ་ཞང་སློབ་ཆུང་དུ་ལོ་གཉིས་ལྷག་ལ་དགེ་རྒན་གྱི་བྱ་བ་བསྒྲུབས།   ༡༩༨༧ལོར་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་ནས་སློབ་གྲྭ་དེ་ཀར་ལོ་གསུམ་དུ་སློབ་གཉེར་ལ་བརྩོན་པ་བསྐྱེད་པས་སྦྱངས་འབྲས་སྨིན།     སྐབས་དེར་སླར་ཡང་བསེ་མཆོག་སྤྲུལ་རིན་པོ་ཆེའི་ཞལ་མཇལ་ཞིང་གསུང་ཐོས་པའི་སྐལ་བ་ལྡན།   བྱང་ཆུབ་ལམ་རིམ་ཆེན་མོའི་དམར་ཁྲིད་དང་།   ཁོང་གིས་མཛད་པའི་སྙན་འགྲེལ་ཚངས་སྲས་བཞད་སྒྲའི་ཁྲིད་སོགས་ཀྱི་བཀའ་དྲིན་ཟབ།   སྨྱུག་འཛིན་དབང་པོ་སྨོན་ལམ་རྒྱ་མཚོ་མཆོག་གི་དྲུང་ནས་སླར་ཡང་བོད་ཀྱི་ཡིག་གཟུགས་འབྲི་ཚུལ་ཞིབ་མོར་སྦྱངས་ཏེ།   སྦྱངས་འབྲས་ཀྱང་དགའ་འོས་པ་ཐོབ། སློབ་གྲྭ་འདི་ནས་མཐར་ཕྱིན་རྗེས་ཁུལ་ཐོག་ཏུ་ལོ་གཉིས་ལྷག་ལ་སྲིད་ཀྱི་བྱ་བར་ཞུགས། ༡༩༩༤ལོར་བསེ་རིན་པོ་ཆེའི་བཀའ་ལྟར་ཁུལ་ཐོག་གི་ལས་གནས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོར་སྤོས་པ་ནས་བསེ་མཆོག་སྤྲུལ་རིན་པོ་ཆེ་ཁོང་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ།     ཞལ་ནས། སྤྱིར་རང་རེ་བོད་ལ་བཅུ་ཕྲག་རིག་པའི་གནས་གཙོ་བྱས་པའི་གཞུང་ལུགས་ཕུན་སུམ་ཚོགས་པ་མིག་མཐོང་ལག་ཟིན་དུ་དངོས་སུ་ཡོད་པ་ངོ་མཚར་ཆེ། དེ་ནི་སྔོན་བྱོན་ལོ་པན་བཀའ་དྲིན་ཅན་རྣམས་དང་།   བོད་ཀྱི་རིམ་བྱོན་མཁས་པ་རྣམས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ཁོ་ན་ཡིན་ཏེ།   བོད་རང་གི་གཙུག་ལག་ལག་ཟུང་ལ་ཕྱག་རྗེས་བླ་ན་མེད་པ་བཞག   དེང་སང་འཛིན་སྐྱོང་སྤེལ་གསུམ་གྱིས་དར་རྒྱས་སུ་གཏོང་དགོས་པ་ནི་ང་ཚོའི་འགན་རེད།   ད་ལྟ་ཐ་ན་ཁུངས་བཙུན་པའི་ཡིག་གཟུགས་འབྲི་ཚུལ་ཤེས་པའང་དཀོན་ཚོད་འདུག   དེ་བསླབ་ཁྲིད་ཉམས་པ་སོར་ཆུད་བྱ་ཐུབ་ན་ཤིན་ཏུ་བཟང་།   ཁྱོད་ཡོད་ཐོག་ཏུ་སློབ་མ་ལེགས་པར་སྐྱོངས་ཤིག   ཁྱོད་ཀྱིས་སློབ་མ་རྣམས་ལ་ཁྲིད་དུས།   སྨྱུག་ཁ་བསྐོར་ཚུལ།   ནང་དགོས་སུ་དབུ་མེད་ཀྱི་སྐོར་རྒྱུགས་བྲིས་ལ་སོགས་པའི་གོ་རིམ་དག་ཞིབ་པར་ཁྲིད་ནས་ཁོ་ཚོ་ལ་གཞི་བཟང་པོ་ཞིག་འདིང་བ་གལ་ཆེ།    ཕྱིས་རིམ་གྱིས་གོང་དུ་འཕེལ་བར་བྱ་དགོས།    རྒྱ་མི་རྣམས་ཀྱིས་རྒྱ་ཡིག་གི་ཡིག་གཟུགས་འབྲི་ཚུལ་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་བཞིན་ནོ།། ཞེས་བཀའ་སློབ་དྲི་མ་མེད་པའི་བཀའ་དྲིན་ཡང་ཡང་བསྐྱངས།   ཁོང་ཉིད་ཀྱི་གསུང་བཀོད་ལྟར་སློབ་གྲྭ་འདིར་གཙོ་བོར་བོད་ཀྱི་སློབ་མ་རྣམས་ལ་བོད་ཀྱི་ཡིག་གཟུགས་འབྲི་སྟངས་ཀྱི་དཔེ་ཁྲིད་བྱེད་པ་ལ་བརྟེན་ནས་སློབ་མ་བསྐྱངས།    ༡༩༩༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས་ལོ་གསུམ་ལ་སྦྱང་བ་ནན་མོ་བྱས་ཏེ་སྦྱངས་འབྲས་བཟང་པོ་དང་བཅས་མཐར་ཕྱིན་ནས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།   སླར་དགེ་འོས་སློབ་གྲྭ་ཆེན་མོ་འདིར་ལོག་པ་ནས་དགེ་རྒན(དགེ་རྒན་ཆེན་མོ་གཞོན་པ་)གྱི་བྱ་བ་སྒྲུབ་བཞིན་སློབ་གྲྭའི་སློབ་མར་སློབ་ཁྲིད་བྱེད་ཞོར་དུ་དགོན་སྡེ་ཁག་གི་གྲྭ་བཙུན་མང་ཙམ་ལའང་ཡིག་གཟུགས་འབྲི་ཚུལ་གྱི་དཔེ་ཁྲིད་བྱེད་བཞིན་ཡོད།

ད་ལྟའི་འགན་གནས།   

ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རི་མོའི་སློབ་སྐོར་གྱི་དགེ་རྒན།   ཀན་སུའུ་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི།   ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ།   འབྲེལ་གཏུག་ཁ་པར།   ༡༣༨༩༣༩༦༠༩༣༨



点赞(541) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部