རང་གི་བདག་པོ་རང་གིས་བཅའ་དགོས།
          འབྲུག་དཔལ་རྡོ་རྗེ།

དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་རྗེ་དང་།།
ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱོབ།།
ཁྱད་པར་གསང་བའི་ནུས་མཐུ་བདག་པོ་དང་།།
འཇིག་རྟེན་སྐྱོང་བ་རྣམས་ཀྱི་གདོང་གྲོགས་མཛོད།།

ཨ་སྔོན་བརྡིབ་འདྲའི་འཇིགས་པ་ང་ལ་མེད།།
ས་ཆེན་འདར་བའི་སྐྲག་སྣང་ང་ལ་མེད།།
མཆོག་གསུམ་བསླུ་བ་མེད་པའི་ཞིངའདི་ནས།།
ང་རང་སྤོབས་པ་ཆེན་པོས་གསོན་ནས་ཡོད།།

འཇིག་རྟེན་དར་བའི་མཐའ་མ་རྒུད་པ་དང་།།
རྒུད་པ་ཐམས་ཅད་རྐྱེན་དང་རག་ལས་པས།།
ནད་ངན་སྡིག་ཅན་འདི་ཡང་རྐྱེན་མེད་པར།།
རང་བཞིན་གྱིས་ནི་གྲུབ་པ་མིན་པར་མཐོང་། །

འདི་ན་སུ་དང་གང་གིས་མི་ཤེས་ལ།།
གཞུང་དང་སྒེར་ལ་འགོག་ཐབས་བྲལ་བ་ཡི།།
རིམས་ནད་དུག་གི་གནོད་པས་འཚེ་བ་འདི།།
སེམས་ཅན་ལས་ཀྱི་སྨིན་པའི་འབྲས་བུར་ངེས།།

ནད་འབུས་གནོད་འཚེ་བྱུང་བའི་དུས་ངན་འདིར།།
གཞུང་གི་དཀའ་ངལ་སྒེར་གྱི་དཀའ་ཁག་སོགས།།
སྤྱི་དང་ཐུན་མོང་བསམ་པའི་བློ་དཀར་གྱིས།།
དུས་རྒྱུན་དུག་སེལ་ཁ་ཐུམ་རྒྱག་རྒྱུར་གདམས།།

ནད་དུག་སུ་ལ་ཕོག་མིན་མི་གསལ་བའི།།
རྒྱུན་དུ་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་གལ།།
རང་གི་བདེ་བ་ཅི་ལྟར་གཅེས་པ་བཞིན།།
གཞན་གྱི་བདེ་བ་གཅེས་པར་སེམས་རྒྱུ་གལ།།

ནད་དུག་མེ་འཕྱུར་འདི་ཡིས་འགོས་སླ་བའི་།།
མི་མང་འདུ་ཚོགས་བྱུང་སར་ཁྱབ་ཆེ་བས།།
རང་གཞན་གཉིས་ཀའི་བདེ་བར་དོན་གཉེར་བའི།།
ད་ནས་བཟུང་ཏེ་མི་ཚོགས་འདུ་འཛོམས་སྤོངས།།

ཁ་ནས་སེམས་ཅན་ཐམས་ཅད་བགྲང་བ་ལས།།
སེམས་ནས་འགྲོ་བའི་དོན་སྤྱོད་ཁྱད་དུ་འཕགས།།
རང་གཞན་དོན་གཉིས་སྒྲུབ་པའི་བརྩོན་འགྲུས་ལས།།
རང་ནས་བརྩམ་སྟེ་རང་གིས་འགན་ཁུར་སྲུངས།།

ལག་པ་གཙང་ཁྲུས་ཁ་ཐུམ་རྒྱག་རྒྱུ་དང་།།
དོན་མེད་ལ་ལུང་སྲང་དང་ལམ་མི་རྒྱུ།།
དུས་རྒྱུན་ཉིང་སྐྱུང་བརྟག་དཔྱད་གོམས་བྱེད་ནས་།།
རང་གི་བདེ་བ་རང་གིས་གཅེས་སྤྲས་བྱོས།།

སྤྱི་ཚོགས་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས།།
རང་གི་ཕ་གཞིས་རང་གིས་གཏན་སྲུང་དང་།།
བློ་སྤོབས་ཆེན་པོས་རིམས་ནད་འགོག་སྲུང་གིས།།
བདེ་སྐྱིད་འཆམ་མཐུན་བསང་ཆུ་བསྐྲུན་པར་བརྩོན།།

དེ་རིང་དཀའ་བའི་ལས་གང་བསྒྲུབས་པ་སྟེ།།
སང་ཉིན་བདེ་སྐྱིད་འཚོ་བ་བསྐྲུན་པའི་རྒྱུ།།
ད་ལྟ་རང་བློ་རང་གིས་མི་ཕམ་པར།།
མ་འོངས་རྒྱལ་ཁར་གཟིགས་དང་བསང་ཆུ་བ།།
         
         
          
                                                                       ་་་་་་སྤྱི་ལོ་༢༠༢༢ལོའི་ཟླ་༧་པའི་ཚེས་༢༠་ཉིན་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནོད་འཚེ་གཞོལ་བའི་བར་སྐབས་སུ་རང་ཁྱིམ་དུ་ཚིགས་སུ་བཅད་པ་དགེའོ།།


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部