༄༅། །བོད་ཀྱི་གླུ་པ་གླུ་མའི་གནས་བབ་དང་འཕེལ་ཕྱོགས་སྐོར་རགས་ཙམ་གླེང་བ།
རྩོམ་པ་པོ། བྱམས་པ་རྡོ་རྗེ།
ནང་དོན་གནད་བསྡུས། ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་དུ་སྐད་ཆ་དང་གླུ་བྲོ་བྱུང་ཞིང་། གངས་ཅན་མཐོ་སྒང་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཏུ་གྲུབ་ཡོད། རྩོམ་ཡིག་འདིའི་ནང་དུ་བོད་ཀྱི་གླུ་པ་རྒན་པ་ཁག་ཅིག་གི་ཁྱད་ཆོས་དང་། གསར་དར་གྱི་གླུ་པ་གླུ་མ་འཚར་ལོངས་བྱུང་བའི་གནས་བབ། རྒྱལ་ཕྱི་རྒྱལ་ནང་གི་གར་སྟེགས་ཐོག་ནས་བོད་ཀྱི་གླུ་པ་གླུ་མས་དགའ་རྟགས་བླངས་ཚུལ། ཁྱད་པར་དུ་མ་འོངས་པའི་སྒྱུ་རྩལ་འཕེལ་ཕྱོགས་སྐོར་ལ་རང་བློས་ལྕོག་ཚད་ཀྱིས་བསམ་གཞིགས་གནང་འདུག
བརྡ་ཆད་གཙོ་བོ། གླུ་པ་གླུ་མ། གར་སྟེགས། དུས་དར། གནས་བབ།
དང་པོ། བོད་ཀྱི་ཐོག་མའི་གླུ་དབྱངས་གྱི་བྱུང་ཚུལ།
གངས་ཅན་མཐོ་སྒང་ནི་གླུ་གར་གྱི་རྒྱ་མཚོ་དང་། རིག་གནས་ཀྱི་བང་མཛོད་ཡིན་ལ། གངས་ཅན་པ་རྣམས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་མ་ཟད། སྣང་བ་སྐྱིད་པོ་དང་། གླུ་ལེན་གར་རྩེད་ལ་ཧ་ཅང་དགའ། རང་རེའི་ཕ་མེས་རྣམས་ཀྱིས་རང་གི་ལག་གཉིས་ལ་བརྟེན་ནས་མཚར་སྡུག་འོད་སྟོང་འབར་བའི་གངས་ཅན་རིག་གནས་བསྐྲུན་ཡོད། དེ་ཡང་དབྱིན་ཇིའི་མཁས་དབང་ཆའོ་ཀྲི་ཐང་མུའུ་སིན་གྱིས་གནའ་བོའི་དུས་རབས་སུ་མི་རྣམས་ཀྱི་ཐུན་མོང་གི་ངལ་རྩོལ་ཁྲོད་དུ་བྱུང་བའི་འགྲོས་སྟབས་དང་ལྡན་པའི་བྱ་བ་དེ་ལ་གྲུབ་ཆ་གཉིས་ཡོད་དེ། དེ་ནི་ལུས་པོའི་གྲུབ་ཆ་དང་། ངག་གི་གྲུབ་ཆ་གཉིས་ཡིན། སྔ་མ་འཕེལ་རྒྱས་བྱུང་བ་ལས་བྲོ་གར་དང་། ཕྱི་མ་འཕེལ་རྒྱས་བྱུང་བ་ལས་སྐད་ཆ་དང་གླུ་སྙན་ངག་བཅས་བྱུང་བ་རེད་ཅེས་གསུངས་པ་ལྟར། ཁ་བའི་ལྗོངས་འདིར་རི་དྭགས་རྔོན་པ་དང་། རི་དྭགས་གཡུང་ལ་ཕབ་ནས་སྒོ་ཕྱུགས་བྱས་ཏེ་འབྲོག་ལས་བྱེད་པ། རང་བྱུང་ཆ་རྐྱེན་དང་བསྟུན་ནས་ཐོག་མའི་ཞིང་ལས་གཉེར་བ་བཅས་ཞིང་འབྲོག་གཉིས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་དུ། སྐད་ཆ་དང་། གླུ་བྲོ་བྱུང་ཞིང་། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ། གངས་ཅན་པས་སྲིད་པའི་བ་ཆུང་བཤའ་གླུ་དང་། སྲིད་པ་ཆགས་གླུ། སྲིད་པའི་བྱ་ནག་གཤོག་རིང་སོགས་དགའ་ན་སྙིང་གཏམ་གླུ་རུ་བླངས་ཤིང་། སྡུག་ན་སྐྱོ་གླུ་ངག་ལ་གྱེར་བཞིན་ལས་གཞས་དང་། ལ་གླུ། སྐོར་བྲོ། ནང་མ་དང་། སྟོད་གཞས། མགུར། རྡུང་ལེན་སོགས་རྣམ་པ་དང་ནང་དོན་གཉིས་ཐད་ནས་གླུ་གཞས་རིག་གནས་གྱ་ནོམ་པ་ཞིག་བསྐྲུན་ཡོད། དེ་ཡང་ལ་དྭགས་རྒྱལ་རབས་ཞེས་པ་ལས། སྲས་དེ་ཤོ་ལེགས་ཀྱི་དུས་སུ་གླུ་དང་བྲོ་དར་ཞེས་འཁོད་ཡོད་ལ། སྐབས་དེར་གླུ་བྲོ་ལ་དར་རྒྱས་ཆེན་པོ་བྱུང་བ་མཚོན་ཐུབ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྟོད་ཁུལ་ནས་རོལ་མོ་མཁས་པ་སྐོང་འགུགས་གནང་ཞིང་། རོལ་མོའི་སྒྲ་གདངས་དང་བསྟུན་པའི་ལུས་ཀྱི་རྣམ་འགྱུར་ཉེར་གཅིག་བྱ་བ་དང་འབྲེལ་གར་རོལ་པ་གང་མང་བསྐྱེད་བསྲིངས་བྱས་ལ། མཆོད་སྤྲིན་གར་རོལ་ཞེས་བྱ་བའི་དཔེ་ཆ་ཡང་བརྩམས། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རོལ་མོའི་བསྟན་བཅོས་བརྩམས་པ་དང་། མི་ལ་རས་པའི་མགུར་འབུམ་དང་། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བྱུང་བ་སོགས་ཀྱིས་ཆོས་གླུ་དང་དམངས་གླུ་གཉིས་ཐད་ནས་དར་རྒྱས་ཆེན་པོ་བྱུང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་རླུང་འཕྲིན་དང་། བརྙན་འཕྲིན། ས་གནས་སོ་སོའི་དགོང་ཚོགས་དང་རིག་རྩལ་བྱེད་སྒོ་འདྲ་མིན། དགོན་པའི་ཁང་སྟོན་དང་། སྤྲུལ་སྐུའི་ཁྲི་སྟོན་སོགས་མཛད་སྒོ་གང་མང་སྤེལ་བ་ལ་བརྟེན་ནས། གླུ་པ་དང་གླུ་མ་ཞེས་པ་ཡང་བོད་པའི་སྤྱི་ཚོགས་ཁྲོད་དུ་བྲིན་ཆེ་ཤོས་ཀྱི་ཐ་སྙད་ཅིག་དང་། མི་རྣམས་ཀྱིས་དགའ་པོ་བྱེད་པའི་ལས་རིགས་ཤིག་ཆགས་ཡོད། །
གཉིས་པ། གླུ་པ་རྒན་པ་ཁག་ཅིག་དང་ཁོང་ཚོའི་གླུ་དབྱངས་ཀྱི་ཁྱད་ཆོས།
བོད་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱང་སྐད་གྲགས་ཆེ་བའི་དུས་སྐབས་ནི་རླུང་འཕྲིན་དང་། བརྙན་འཕྲིན། རང་ཉིད་ཀྱི་བརྙན་སྡེར་དང་། སྒྲ་སྡེར་ལ་བརྟེན་ནས་བྱུང་ལ། ཁོང་ཚོའི་ཚབ་མཚོན་ཙམ་ནི་གླུ་མ་ཚེ་བརྟན་སྒྲོལ་མ། ཟླ་སྒྲོན། འཛོམས་གཡང་སྒྲོལ་མ། ཡེ་ཤེས་སྒྲོལ་མ། འགོ་བ་རྒྱལ་མོ་སྐྱིད། བདེ་ཆེན་དབང་མོ། ནམ་མཁའ་བུ་ཁྲིད། བདེ་སྐྱིད་མེ་ཏོག སྐལ་བཟང་ཆོས་སྒྲོན། འཇམ་དབྱངས་སྐྱིད། འཇིགས་བྱེད་འཚོ། སྐྱིད་བྱམས་སོགས་དང་། གླུ་པ་ཡ་དུང་། གཡུང་དྲུང་རྒྱལ། རྡོ་རྗེ་ཚེ་རིང་། བསྟན་འཛིན། སྐལ་བཟང་བཀྲ་ཤིས། ཚེ་མགོན། གངས་བཞུགས། དཔལ་མགོན། གདུ་པེ་སོགས་རེད།
དེ་ལས་གླུ་མ་ཚེ་བརྟན་སྒྲོལ་མ་ནི་ཀྲུང་གོ་གསར་པའི་མི་རབས་དང་པོའི་བོད་ཀྱི་གླུ་མའི་མཚོན་བྱེད་ལྟ་བུ་ཡིན་ལ། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པ་ནས་གླུ་དབྱངས་ལེན་མགོ་བཙུགས་པ་དང་། ལོ་རབས་དྲུག་ཅུ་པ་ནས་རྒྱལ་ནང་དུ་རོལ་དབྱངས་སློབ་པར་སོང་ཞིང་། སྤྱི་ལོ༡༩༦༣ལོར་ལ་གླུ་སྙན་མོ་ཏང་ལ་འབུལ་ཞེས་པའི་གླུ་དབྱངས་དེ་ཧྲང་ཧེ་མི་དམངས་རླུང་འཕྲིན་ཁང་ནས་བཏང་བས་རྒྱལ་ནང་དུ་ཁོང་གི་མིང་ཤེས་པ་དང་རིམ་བཞིན་སྐད་གྲགས་སོང་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པར་གྱུར།
དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པར་གླུ་མ་ཟླ་སྒྲོན་གྱིས་གནས་མཆོག་ཁ་བ་དཀར་པོ་དང་། གནས་མཆོག་ལྷ་ས། ཉི་མ་སེམས་ལ་ཞོག་དང་། ང་ཡི་དོན་འགྲུབ་ཚེ་རིང་ཞེས་པ་སོགས་དུས་དར་གླུ་དབྱངས་གང་མང་ཞིག་ཐུན་མིན་གྱི་སྐད་ངག་ལ་བརྟེན་ནས་སྒྲ་ཕབ་འཁོར་ལོ་དང་། རླུང་འཕྲིན་གྱི་ནང་ནས་བཏང་བས་བོད་ཁུལ་གྱི་ལ་ལུང་གང་སར་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། བོད་ཀྱི་དུས་དར་གླུ་དབྱངས་ཀྱི་གླུ་སྒོ་འབྱེད། གླུ་པ་ཡ་དུང་ནི་བོད་ཀྱི་དེང་རབས་གླུ་པའི་ཚབ་མཚོན་གཞན་ཞིག་ཡིན་ལ། ཁོང་རིག་གནས་ཀྱི་ཕ་ས་ལྟ་བུའི་ཁམས་སྡེ་དགེ་ལ་སྐྱེས་ཤིང་། ཆུང་བྱིས་པའི་དུས་ནས་རང་བཞིན་ལྷན་སྐྱེས་ཀྱིས་གླུ་དབྱངས་འདོན་རྒྱུ་ལ་དགའ་བ་དང་། ས་ཁེ་སི་དང་། རྔ་སོགས་དེང་རབས་རོལ་ཆས་འདྲ་མིན་དཀྲོལ་རྒྱུ་ལ་མཁས་པས་ཆེད་སྒྲིག་སྒྲ་ཐག་དང་པོ་འཁྱམ་པོ་ཞེས་པ་ནས་རྒྱ་ཆེའི་གཟིགས་མོ་བས་ཡ་དུང་ངོ་ཤེས་ཤིང་། ༡༩༩༥ལོའི་ལྷ་བྱ་ཐང་དཀར་ཞེས་པའི་གླུ་དབྱངས་བླངས་པ་ནས་རྒྱལ་ཡོངས་སུ་མཚན་སྙན་གྱི་བ་དན་དགུང་དུ་འཕྱུར། གླུ་པ་ཡ་དུང་ནི་བོད་ཀྱི་གླུ་པའི་ཁྲོད་ལས་སྐྱེས་ཐོབ་ཀྱི་ཤེས་རབ་ཅན། སྐད་ངག་དམིགས་བསལ་ཅན། རང་གཤིས་ཡ་མཚན་ཅན་གྱི་གླུ་པ་གྲགས་ཅན་ཞིག་ཏུ་གྱུར་ལ་བོད་རིགས་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱས་ཤིང་མང་ཚོགས་ནས་བོད་ཀྱི་གླུ་རྒྱལ་ཞེས་འབོད་བཞིན་ཡོད།
གླུ་པ་གཡུང་དྲུང་རྒྱལ་ནི༡༩༦༩ལོར་ཨ་མདོ་རྔ་བའི་ཡུལ་དུ་སྐྱེས་ཤིང་། སྤྱི་ལོ༡༩༩༤ལོར་གཟི་ཚ་སྡེ་དགུ་ནས་གླུ་གར་ལམ་དུ་སྐྱོད་འགོ་ཚུགས། གླུ་པ་གཡུང་དྲུང་རྒྱལ་ནི་སྔོན་ཆད་སློབ་འབྲིང་ཞིག་གི་རྒྱ་ཡིག་དགེ་རྒན་བྱས་མྱོང་ཞིང་། བོད་ཀྱི་གླུ་པའི་ཁྲོད་ནས་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཡོད་པའི་གྲལ་ཞིག་ཡིན་ལ། མཐོ་སྒང་བུ་མོ་སྤུན་གསུམ་སོགས་ཚན་སྡེབ་དང་། གླུ་མ་དབང་མོ་སོགས་ན་གཞོན་གླུ་མ་མང་པོ་སྒྱུ་རྩལ་ལམ་དུ་སྐྱོད་པར་ཁོང་གིས་མཐུན་རྐྱེན་གང་ལེགས་བསྐྲུན་ཅིང་། བོད་འཆམ་སོགས་བོད་ཀྱི་གར་སྟེགས་ཟློས་གར་ཆེན་མོ་གསར་རྩོམ་གནང་བ་དང་། མཐོ་སྒང་རྫི་གླུ་སོགས་ཆེད་སྒྲིག་ཟེར་སྡེར་གང་མང་བཏོན་ལ། གླུ་པ་གཡུང་དྲུང་རྒྱལ་ནི་སྲོལ་རྒྱུན་དང་དེང་རབས་མཉམ་འབྲེལ་གྱིས་རིག་གནས་ཐོན་ལས་ཅན་དུ་སྐྱོད་པའི་མིག་དཔེ་བཟང་པོ་ཞིག་དང་། གླུ་དབྱངས་ནི་རང་གི་བྱ་གཞག་རླབས་ཆེན་ཞིག་ཏུ་ངོས་བཟུང་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་བོད་ཀྱི་གླུ་པ་ཞིག་ཏུ་གྱུར།
གླུ་པ་རྡོ་རྗེ་ཚེ་རིང་གི་ཕ་ཡུལ་ནི་ཨ་མདོ་བླ་བྲང་ནས་ཡིན་ཞིང་། ཁོང་ནི་རྒྱལ་སྤྱིའི་གླུ་གར་སྟེགས་བུ་ན་བརྗིད་ཉམས་ཀྱིས་འགྱིང་བའི་བོད་ཀྱི་གླུ་པ་ཞིག་ཡིན་ལ། ཁོའི་གླུ་ལེན་སྟངས་ནི་ཕྱི་གླིང་གི་ལེན་སྟངས་ཤིག་སྟེ། སྐད་མཐོ་ལ་བསྐྱེད་ཆེ་བའི་རྔམ་བརྗིད་ཀྱི་ལེན་སྟངས་ཏེ་ཕྱི་སྐད་ལ་ཨོ་ཕུ་རཱ་སྟེ། འཇམ་པའི་ལེན་སྟངས་དེ་ཡིན། དེ་བས་ཕྱི་རྒྱལ་གྱི་འཕྲིན་སྦྱོར་སྡེ་ཁག་མང་པོ་ཞིག་གིས་ཁོ་ནི་བོད་ཀྱི་ཕ་བཱ་ལོ་རྡི་རེད་ཅེས་པའི་མཚན་སྙན་གནང་ཡོད། ད་ལྟར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན་གྱི་འགན་བཞེས་ཡོད།
སྒྲ་སྙན་རྡུང་ལེན་གྱི་ཕ་ས་ལྟ་བུའི་རྨ་ཆུའི་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་རྡུང་ལེན་མཁན་པོ་དཔལ་མགོན་ལགས་ཀྱིས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་མངའ་རིས་སྒྲ་སྙན་ལ་ཁུངས་བཅོལ་ཞིང་། རྩྭ་ཐང་གི་འཚོ་བའི་དྲི་བསུང་འཐུལ་བའི་སྒྲ་སྙན་རྡུང་ལེན་བླངས་པ་ནས། བོད་ཀྱི་སྒྲ་སྙན་རྡུང་ལེན་ལ་འཕེལ་རྒྱས་ཆེན་པོ་སོང་ཞིང་། དཔལ་མགོན་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་དབྱངས་རྟ་མི་འདྲ་བ་བདུན་ཅུ་ལྷག་གསར་རྩོམ་གནང་། དེ་ལྟར་གླུ་པ་རྒན་རབས་པ་རེ་རེ་ལ་རང་ཉིད་ཀྱི་ངོ་མཚར་བའི་གཏམ་རྒྱུད་རེ་ཡོད་ལ། ཁོང་ཚོ་ནི་རྒྱལ་ཁབ་དབུ་བརྙེས་རྗེས་རླུང་འཕྲིན་དང་། བརྙན་འཕྲིན། དགོང་ཚོགས། ཟེར་སྡེར་བཏོན་པ་སོགས་གར་སྟེགས་འདྲ་མིན་ལས་བོད་ཁུལ་ནས་རིམ་བཞིན་རྒྱལ་ཕྱི་ནང་གཉིས་སུ་སྐད་གྲགས་ཆགས། ཁོང་ཚོའི་དབྱངས་རྟ་མང་ཤོས་ནི་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཏེ། ལ་གླུ་དང་། གཞས། སྒོར་བྲོ། ནང་མ། སྟོད་གཞས་སོགས་ཀྱི་གཞི་རྩ་དང་། ཁག་ཅིག་གསར་རྩོམ་གནང་བ་ཡང་། དམངས་ཁྲོད་ཀྱི་བྲོ་བ་ཟབ་མོ་ལྡན། གླུ་ཚིག་ནི་ཕ་ཡུལ་གྱི་རི་ཆུ་ལ་བསྟོད་པ་དང་། ཏང་གི་སྲིད་ཇུས་ལ་བསྟོད་པ། ཕ་མའི་བྱམས་བརྩེ་ལ་བསྟོད་པ། གཞོན་ནུ་ཕོ་མོའི་བརྩེ་དུང་ལ་བསྟོད་པ། ད་ལྟའི་འཚོ་བ་ལ་བསྟོད་པ། མ་འོངས་ཕུགས་བསམ་ལ་སྨོན་པ་སོགས་ཡིན་ལ། ཚེ་བརྟན་སྒྲོལ་མ་དང་། གཡུང་དྲུང་རྒྱལ། ཡ་དུང་། འཛོམས་གཡང་སྒྲོལ་མ་སོགས་ཀྱི་གླུ་ཚིག་མང་ཤོས་རྒྱ་སྐད་ཡིན་པས་མེས་རྒྱལ་ནང་ཁུལ་ཏུ་སྐད་གྲགས་ཆེན་པོར་སོང་། དཔལ་མགོན། གདུ་པེ། སྐྱིད་བྱམས། གངས་བཞུགས། སྐལ་བཟང་ཆོས་སྒྲོན། ཚེ་མགོན་སོགས་ཀྱི་གླུ་ཚིག་མང་ཤོས་ནི་བོད་སྐད་ཡིན་པས་བོད་རིགས་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱས་དང་བྱེད་བཞིན་ཡོད། དེ་ཡང་རོལ་མོའི་བསྟན་བཅོས་ལས། དད་ལྡན་རྣམས་ཀྱི་མཆོད་པ་དང་། །བཀྲེན་པ་རྣམས་ཀྱི་འཚོ་བ་དང་། །ཆགས་ཅན་རྣམས་ཀྱི་ཡིད་གཡོ་བ། །དེ་ཀུན་རོལ་མོ་མཁས་ལས་བྱུང་ཞེས་གསུངས་པ་ལྟར་ལ་གླུ་སྙན་མོ་ཏང་ལ་འབུལ་དང་། ཨ་རོགས་ཁམས་པ། པེ་ཅིང་གསེར་གྱི་རི་ལ། ཨ་ཁུ་པད་མ། ང་ཡི་དོན་འགྲུབ་ཚེ་རིང་། ནམ་མཁའི་ལྷ་མོ། མདང་སང་ང་ཡི་རྨི་ལམ། པཎ་ཆེན་དྲན་གླུ་སོགས་རྒྱལ་ཡོངས་སྤྱི་དང་བྱེ་བྲག་བོད་ཁུལ་དུ་ས་ཁྱབ་རྡོ་ཁྱབ་ཀྱི་ཕུལ་བྱུང་བརྩམས་ཆོས་གང་མང་བྱུང་ཡོད།
གསུམ་པ། བོད་ཀྱི་ན་གཞོན་གླུ་པ་གང་མང་གཅིག་རྗེས་ཉིས་མཐུད་དུ་འཚར་ལོངས་ཡོང་བཞིན་པ།
དུས་རབས་ཉེར་གཅིག་པའི་ལོ་མགོ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་ཡུལ་གྲུ་ནས་གླུ་པ་གླུ་མ་གང་མང་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་ལ། དེ་དག་ལས་ཕ་སྐད་གཙང་མའི་ལམ་ནས་རང་ཉིད་ཀྱི་རིན་ཐང་ངོམ་ཞིང་། སྒྱུ་རྩལ་གྱི་ལམ་བུ་འཚོལ་མཁན་མིག་དཔེ་འོས་པ་དག་ནི་དཔའ་རིས་གླུ་མ་རིག་འཛིན་སྒྲོལ་མ་དང་། ཁྱུང་མཆུའི་གླུ་མ་སྒྲོན་པེ། བདེ་ཆེན་གླུ་མ་དབྱངས་ཅན་ལྷ་མོ། མགོ་ལོག་གླུ་པ་ཤེར་བསྟན། ཀན་ལྷོའི་གླུ་པ་སྒྲོལ་མ་སྐྱབས། རྔ་བའི་གླུ་མ་ཕུལ་བྱུང་སྒྲོལ་མ། གསེར་རྟའི་གླུ་མ་ལྷ་སྐྱིད། ཡུལ་ཤུལ་གླུ་པ་བདེ་སྐྱིད་ཚེ་རིང་། བྲག་འགོའི་གླུ་མ་ཚེ་དབང་ལྷ་མོ་སོགས་ཡུལ་གྲུ་སོ་སོ་ནས་གླུ་པ་དང་གླུ་མ་གང་མང་ཞིག་གིས་གླུ་སྐད་སྙན་མོས་མདོ་དབུས་ཁམས་གསུམ་གྱི་གསན་མཁན་ཁྲི་སྟོང་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་པ་དང་ཆབས་ཅིག དེང་སང་བོད་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱིས་ཕ་སྐད་གཙང་མའི་ཆེད་སྒྲིག་ཟེར་སྡེར་བཏོན་པ་ནི་རང་ཉིད་ཀྱི་འགན་འཁྲི་དང་། ཕུགས་བསམ་བཟང་པོ་ཞིག་ཏུ་བརྩི་བཞིན་ཡོད། དེ་བཞིན་འཇམ་དབྱངས་སྒྲོལ་མ་དང་། ཀུན་དགའ། བསམ་ཁོ། དབྱངས་ཅན་ལྷ་མཛེས། པད་མ་བསམ་འགྲུབ། གདུགས་དཀར་ཡག་སོགས་ཀྱིས་མཚོན་བྱེད་དུ་གྱུར་པའི་ན་གཞོན་གླུ་པ་གང་མང་ཞིག་འཚར་ལོངས་ཡོང་བཞིན་པ་དང་། ཁོང་ཚོས་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་མར་དང་རྩམ་པའི་དྲི་ཞིམ་འཐུལ་ཞིང་། ཕྱི་ནང་མི་རིགས་མང་པོས་དགའ་བསུ་བྱེད་པའི་དུས་དར་གླུ་དབྱངས་གང་མང་བླངས་ནས་ཕྱི་ནང་གི་མི་རིགས་མང་པོའི་ཁྲོད་དུ་བག་ཆགས་ཟབ་མོ་བཞག་ཡོད། ཧན་ཧུང་དང་། ཨ་རྣམ་ཟླ་བ་སྒྲོལ་མ། ཕུར་པ་སྐྱབས། བཀྲ་ཤིས་དོན་འགྲུབ་སོགས་རྒྱ་སྐད་ལམ་ནས་བོད་གླུ་བླངས་པའི་ན་གཞོན་གླུ་པ་ཁག་ཅིག་ལ་ཡང་རྒྱ་རིགས་སོགས་མི་རིགས་ཁག་གི་ལོ་ཆུང་མང་པོས་དགའ་པོ་བྱེད་བཞིན་ཡོད། དེ་བཞིན་ཨ་ཅག་ཚན་སྡེབ་དང་། སེམས་ཀྱི་ཉི་ཟླ་ཚན་སྡེབ། གནམ་ལྕགས་རོལ་དབྱངས་ཚན་སྡེབ། གཡུ་འབྲུག་ཚན་སྡེབ། ཨ་ནུ་རིང་ལུགས་སོགས་བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་ཁུལ་ནས་ཚན་སྡེབ་གང་མང་བྱུང་ཞིང་། ཚན་སྡེབ་འགའ་ཤས་ལ་མི་གཉིས་རེ་དང་། ཁ་ཤས་ལ་མི་གསུམ་རེ། རེ་འགའ་ལ་མི་བཞི་རེ་སོགས་དང་། དེ་བཞིན་བུ་ཡི་ཚན་སྡེབ། བུ་མོའི་ཚན་སྡེབ། བུ་བུ་མོ་གཉིས་ལྡན་གྱི་ཚན་སྡེབ་སོགས་རྣམ་པ་སྣ་ཚོགས་པ་བྱུང་བས། དགའ་ཁ་འཁྱེར་ཕྱོགས་མང་བའི་རྒྱ་ཆེའི་གསན་མཁན་རྣམ་པའི་རེ་འདོད་སྐོང་བཞིན་ཡོད། དེ་དང་ཆབས་ཅིག་གདུ་པེ་དང་། རྡོ་རེད། རིག་དགའ། དར་མཚོ་སོགས་ཕ་སྐད་མ་ཡིག་གི་ལམ་ཁོ་ན་ལ་བརྟེན་པའི་རྡུང་ལེན་པའི་དཔུང་སྡེ་ཞིག་ཀྱང་གངས་ཅན་མཐོ་སྒང་ནས་རྩ་བ་ཚུགས་བྱུང་། དེང་རབས་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཆེད་སྒྲིག་གི་ཟེར་སྡེར་མང་པོ་བཀྲམས་ནས་བོད་ཀྱི་ལ་ལུང་ཀུན་ཏུ་བོད་པ་རྣམས་ཀྱིས་བོད་གླུ་ཉན་པའི་ཁྲོམ་ར་ཆེན་མོ་ཞིག་དང་། ཁོར་ཡུག་བཟང་པོ་ཞིག་བཙུགས་ཐུབ་ཡོད། དཔེར་ན་རྡུང་ལེན་པ་གདུ་པེ་ཁོ་ན་ཡིས་ཀྱང་སྒྲ་ཐག་དང་ཟེར་སྡེར་བརྒྱ་ཕྲག་ལྷག་བཏོན་དེ་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློ་བསྐངས་ཡོད། ཡིན་ན་ཡང་བོད་ཁུལ་དུ་ཆེད་ལས་ཀྱི་དབྱངས་རྩོམ་མཁན་དང་གླུ་ཚིག་འབྲི་མཁན་ཧ་ཅང་ཉུང་བས་གླུ་དབྱངས་མང་པོ་ཞིག་ནི་གླུ་བརྒྱ་ངག་གཅིག་ལྟ་བུ་ཡིན་ལ། གླུ་པ་ཕན་ཚུན་ལད་མོ་བྱས་པ་དང་། དབྱངས་རྟ་གཅིག་ལ་གླུ་ཚིག་མི་འདྲ་བ་མང་པོ་སྦྱར་ནས་བསྐྱར་ལེན་བྱས་པ། གླུ་ཚིག་ནང་དོན་མང་པོ་ཞིག་རང་གི་བླ་མ་དང་སྤྲུལ་སྐུ་སོགས་ལ་བསྟོད་དབྱངས་ཕུལ་བ། ཆང་མ་འཐུང་། དུ་བ་མ་འཐེན། འཛིང་མོ་མ་བྱེད་སོགས་གཞན་ལ་སློབ་གསོ་གཏོང་རྒྱུ་མང་དྲགས་པ། སྐད་དང་ཡི་གེ། མདུན་ལམ་དང་ལ་རྒྱ་སོགས་ནི་གླུ་པ་མང་ཤོས་ཀྱི་ངག་ན་འཁྱིལ་བའི་མ་ཎི་ལྟ་བུ་ཆགས་ནས་ཡང་ཡང་ཉན་ན་སུན་སྣང་སྟེར་བ། དབྱངས་རྟ་ལ་དོ་སྣང་བྱས་པ་ལས་གླུ་ཚིག་གི་ནང་དུ་ཡིག་ནོར་མང་བ་དང་། ཚིག་གི་གོ་བ་ཡག་པོ་མ་བླངས་ནས་སྐྱོ་དགོས་སར་དགོད་ཤོར་བ་དང་། དགའ་དགོས་སར་སྐྱོ་དྲགས་པ་སོགས་ནང་དོན་དང་རྣམ་པ་ཆ་མ་མཚུངས་པ། ཆ་ལུགས་ཚད་ལས་བརྒལ་བ་སྟེ། སྐབས་རེ་ལ་སྲམ་གཟིག་སོགས་རྒྱན་དྲགས་པ་དང་། གཡུ་བྱུར་སོགས་འདོགས་མང་བ། སྐབས་རེ་ལ་དོར་མ་སོགས་ཕྲ་ཆེ་བ་དང་། རྔུལ་ལེན་སོགས་ཐུང་དྲགས་པ་ལྟ་བུ་ཡང་ཡོད། སྤྱིར་བོད་ཀྱི་གླུ་པ་དང་གླུ་མ་ཚོ་ཚད་ལྡན་གྱི་སློབ་གྲྭ་ནས་ཆེད་ལས་སྐོར་ལ་སློབ་སྦྱོང་བྱེད་མྱོང་མཁན་དཀོན་པོ་ཡིན་ན་ཡང་བོད་པའི་གླུ་པ་ཞིག་ཡིན་ན་མང་ཤོས་ནི་ཕ་ཡུལ་ལ་ཞེན་པ་ཆེ་བ་དང་། རང་རིགས་ཀྱི་འདུ་ཤེས་ཟབ་པ། ཕ་སྐད་མ་ཡིག་ལ་དུང་བ་ཆེ་བ། ལས་འབྲས་དང་དཀོན་མཆོག་ལ་ཡིད་ཆེས་ཡོད་པས་དུ་ནག་འཐེན་པ་དང་། རང་ཤི་རྒྱག་པ་སོགས་ནི་ཕལ་ཆེར་གོ་མྱོང་མེད། རྒྱ་ཆེའི་མང་ཚོགས་ནས་ཀྱང་ཁོང་ཚོ་ལ་གངས་ཅན་པ་སྒྲོལ་མ་སྐྱབས་དང་། གངས་རིའི་བུ་མོ་ཚེ་དབང་ལྷ་མོ་ཞེས་པ་སོགས་མཚན་སྙན་མོའི་ཆོ་ལོ་བསྩལ་ནས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་ཡོད། ཡིན་ན་ཡང་གླུ་པ་རྒན་རབས་པ་ལྟར་བོད་ཁུལ་དུ་ཧ་ཅང་དགའ་བསུ་ཐོབ་པའི་བརྩམས་ཆོས་གྲགས་ཅན་མང་པོ་བྱུང་ཐུབ་མེད།
བཞི་པ། བོད་ཀྱི་གླུ་པས་རྒྱལ་སྤྱི་དང་རྒྱལ་ནང་གི་གར་སྟེགས་ནས་རྟགས་མ་དང་གྲུབ་འབྲས་བླངས་ཚུལ།
ཉེ་བའི་ལོ་ཤས་རིང་དུ་རྒྱལ་ཕྱི་ནང་ཀུན་ཏུ་བོད་ཀྱི་གླུ་གར་རིག་གནས་ལ་དགའ་པོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་ཆབས་ཅིག་བོད་ཀྱི་གླུ་པ་གླུ་མ་ཁག་གིས་ཀྱང་དཀའ་བ་གདོང་ལེན་དང་། སྙིང་སྟོབས་ཆེན་པོས་མདུན་དུ་བསྐྱོད་དེ་བོད་ཁུལ་ཙམ་མ་ཟད་རྒྱལ་ནང་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ཏུ་གྲུབ་འབྲས་མི་དམན་པ་ཐོབ་ཅིང་། གླུ་པ་རེ་རེའི་ངག་རྟ་ལས་བོད་ཀྱི་གཏམ་རྒྱུད་སྙན་མོ་དེ་སྒྲོག་བཞིན་ཡོད། དེ་དག་ལས་གཟེངས་སུ་ཐོན་པ་ནི།
གཅིག གླུ་པ་རྡོ་རྗེ་ཚེ་རིང༡༩༩༧ལོར་དགེ་རྒན་གྱིས་མཚམས་སྦྱོར་བྱས་པ་ལྟར་ཧྥ་རན་སིའི་མཱ་སེ་གྲོང་ཁྱེར་དུ་སྤེལ་བའི་སྐབས་དྲུག་པའི་རྒྱལ་སྤྱིའི་གླུ་ལེན་འགྲན་བསྡུར་ལ་ཞུགས། སྐབས་དེའི་འགྲན་བསྡུར་ལ་བསྡོམས་པས་རྒྱལ་ཁབ་བཅུ་གསུམ་གྱི་གླུ་ལེན་ཆུ་ཚད་ཧ་ཅང་མཐོ་བའི་འགྲན་ཞུགས་མི་སྣ་བརྒྱད་ཅུ་གྱ་ལྔ་ཞུགས་ཡོད་ཅིང་། ཁོས་རང་གི་ཐུན་མོང་མ་ཡིན་པའི་གླུ་སྐད་དང་ཞུམ་པ་མེད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་མཇུག་མཐར་འགྲན་བསྡུར་དེའི་ཨང་དང་པོའི་བྱ་དགའ་བླངས། དེ་ནས་རིང་པོ་མ་ལོན་པར་ཁོ་རང་ཨ་མེ་རི་ཀའི་ཁུ་ལོ་ལ་ཏོ་གླུ་གར་ཁང་དུ་ལོ་གཉིས་རིང་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་པར་མ་ཟད། ཨ་མི་རི་ཀའི་རྒྱལ་ནང་གི་ཆུ་ཚད་མཐོ་ཤོས་ཀྱི་འགྲན་ཚོགས་མང་པོར་ཞུགས་ནས་སྔ་གཞུག་ཏུ་ཨང་དང་པོའི་བྱ་དགའ་བསྟུད་མར་ཐེངས་བདུན་ལ་བླངས།
གཉིས། གླུ་པ་ཡ་དུང་གིས་བླངས་པའི་ལྷ་བྱ་ཐང་དཀར་ཞེས་པ༡༩༩༥ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིསMTVགསེར་གྱི་རྟགས་མ་བླངས།
གསུམ། ༢༠༠༩ལོར་ཨ་རྣམ་ཟླ་བ་སྒྲོལ་མའི་གླུ་དབྱངས་འགྱུར་མེད་ཀྱི་ཆུ་བོ་ཞེས་པ་འཇར་པན་གྱི་གཟའ་འཁོར་གླུ་དབྱངས་པང་སྒྲིག་གི་ཨང་གཉིས་པ་དང་། གླུ་མ་ཝང་ཧྥེ་ཡིས༡༩༩༩ལོར་ངའི་མིག་ཅེས་པའི་གླུ་དབྱངས་དེས་ཨང་དགུ་པ་ཐོབ་པ་ལས་བརྒལ་ནས་གཟའ་འཁོར་པང་སྒྲིག་གི་རིམ་པ་མཐོ་ཤོས་ཀྱི་ཀྲུང་གོའི་གླུ་མ་ཆགས།
བཞི། གླུ་མ་བསོད་ནམས་དབང་མོས༢༠༠༢ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ན་གཞོན་གླུ་དབྱངས་འགྲན་བསྡུར་ལས་ངའི་ཕ་ཡུལ་གསེར་གཞོང་ལུང་པ་ཞེས་པ་ལ་མི་རིགས་སྡེ་ཚན་གྱི་གསེར་གྱི་རྟགས་མ་ཐོབ།
ལྔ། འཛམ་གླིང་རྒྱ་སྐད་དབྱངས་རིམ་བསྒྲིགས་པང་གི་བྱ་དགའི་མཛད་སྒོ་སྐབས་དགུ་པ་པེ་ཅིང་གྲོང་ཁྱེར་ནས་སྤེལ་བའི་སྐབས་སུ། གླུ་པ་ཕུར་པ་སྐྱབས་ཀྱི་བརྩེ་བ་ནི་འདི་འདྲའི་སླ་མོ་རེད་ཅེས་པའི་གླུ་དབྱངས་དེ༢༠༠༨ལོ་ནས༢༠༠༩བར་གྲོང་ཁྱེར་སོ་སོའི་བརྙན་འཕྲིན་དང་། རླུང་འཕྲིན་ཁང་ནས་ཆེད་གཏོང་མཛད་དེ་གྲུབ་འབྲས་ཆེན་པོ་འཐོབ་པས་རྒྱལ་ནང་གི་གསེར་གྱི་རྟགས་མ་ཅན་གྱི་གླུ་ཉི་ཤུའི་གྲལ་དུ་ཚུད། མ་ཟད་ས་གནས་ཁྱད་འཕགས་གླུ་པའི་བྱ་དགའ་ཐོབ།
དྲུག ལྷ་སའི་ན་གཞོན་གླུ་མ་དབང་མོ་ལགས་ཀྱིས་ཀྲུང་དབྱང་འཕྲིན་ལམ་གསུམ་པའི༢༠༠༩ལོའི་ལོ་མཇུག་གི་ཆེད་སྒྲིག་གླུ་ལེན་འགྲན་ཚོགས་སྐར་འོད་ལམ་ཆེན་ཞེས་པའི་མཇུག་འགྲན་གྱི་བྱ་དགའ་ཨང་དང་པོ་ཐོབ།
བདུན། ཧྲང་ཧེ་ཤར་ཕྱོགས་བརྙན་འཕྲིན་ཁང་གིས་གཟུགས་ཀྱི་མཛེས་པ་དང་། སྐད་ཀྱི་སྙན་ཆ། སྒྱུ་རྩལ་གྱི་ཁྱད་ཆོས་སོགས་བཟང་པོ་ཀུན་འཛོམས་ཀྱི་བུ་མོ། ཤར་ཕྱོགས་ཀྱི་ཕོ་ཉ་ཞེས་པ་ཞིག་བཙལ་ཕྱིར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་ཁག་དག་ནས་གླུ་གར་འགྲན་ཚོགས་བསྡུས། སྟོད་མངའ་རིས་ཡུལ་གྱི་ན་གཞོན་གླུ་མ་ཆོས་ཉིད་ཚེ་རིང་ལགས་ནི་ཐོག་མ་གྲོང་ཁྱེར་པད་མ་ཅན་ནས་འགྲན་ཚོགས་ལ་ཞུགས། མཛེས་མ་ཁྲི་ཕྲག་མང་པོའི་ཁྲོད་ནས་གདམས་གསེས་བྱས་ཏེ་ཕུལ་བྱུང་མཛེས་མའི་གྲལ་དུ་ཚུད། དེ་ནས་ཧྲང་ཧེ་གྲོང་ཁྱེར་ནས་འགྲན་ཚོགས་ལ་ཞུགས་ཤིང་མཐོ་རིམ་མཛེས་མ་གསུམ་གྱི་གྲལ་དུ་ཚུད་པ་དང་། མཐར་མཐོ་རིམ་མཛེས་མ་གསུམ་གྱི་མཇུག་འགྲན་བྱས་ཏེ་ཤར་ཕྱོགས་ཀྱི་ཕོ་ཉ་ཞེས་པའི་གསེར་གྱི་རྟགས་མ་ཨང་དང་པོ་ཐོབ།
བརྒྱད། ༢༠༡༠ལོར་ཀྲུང་གོའི་སྲོལ་རྒྱུན་དམངས་གླུའི་མཛད་སྒོ་སྐབས་དང་པོ་དང་། ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་སྐབས་བཅུ་པའི་ཐོག་བོད་ཀྱི་འབྲོག་གླུ་མཁན་པོ་བཀྲ་ཤིས་ཉི་མ་ལགས་ཀྱིས་བླངས་པའི་སྦྲ་ནག་ཅེས་པ་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ།
དགུ། ༢༠༠༨ལོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་རོལ་དབྱངས་པང་བསྒྲིགས་ལས་ཀུན་གྱིས་དོ་སྣང་བྱེད་པའི་གླུ་པ་གསར་པ་བཅུ་ཡི་ནང་དུ་བོད་ཀྱི་གླུ་མ་རིན་ཆེན་གྱིས་དམངས་ཁྲོད་གླུ་མ་གསར་པའི་རྟགས་མ་ཐོབ།
བཅུ། ཀོང་པོའི་གླུ་མ་དབྱངས་ཅན་ལྷ་མོ་ལགས་ཀྱིས༢༠༡༡ལོར་སྐབས་ང་གསུམ་པའི་རྒྱལ་སྤྱིའི་ཆེས་མཐོ་བའི་རོལ་དབྱངས་སྐོར་གྱི་བྱ་དགའ་གེ་ལེན་མན་རོལ་དབྱངས་བྱ་དགའ་དེ་ཐོབ། ཁོང་ནི་ཀྲུང་གོ་ནང་ཁུལ་གྱི་བོད་ཀྱི་གླུ་མ་ལས་བྱ་དགའ་དེ་ཐོབ་མཁན་གཅིག་པུ་དེ་ཡིན།
བཅུ་གཅིག ཁམས་ཡུལ་ཤུལ་ནས་ཕེབས་པའི་ན་གཞོན་གླུ་པ་དཀོན་མཆོག་ཚེ་རིང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་འཕྲིན་ལམ་གསུམ་པའི་སྐར་འོད་ལམ་ཆེན་ཞེས་པའི་ལེ་ཚན་ལས་སྤྱི་ལོ ༢༠༡༦ལོར་རྒྱལ་ཡོངས་ཀྱི་ཨང་དང་པོའི་རྟགས་མ་ཐོབ།
བཅུ་གཉིས། གནས་མཆོག་གཞིས་ཀ་རྩེ་ནས་ཕེབས་པའི་སློབ་འབྲིང་དགེ་རྒན་བཀྲ་ཤིས་ཕུན་ཚོགས་ཀྱིས་སྤྱི་ལོ༢༠༡༧ལོའི་ཀྲུང་གོའི་གླུ་སྐད་གསར་པའི་གླུ་དབྱངས་འགྲན་སྡུར་ལས་ཨང་དང་པོའི་རྟགས་མ་ཐོབ་ནས་རྒྱལ་ཡོངས་སུ་སྐད་གྲགས་བཞག
བཅུ་གསུམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ནས་ཕེབས་པའི་བསྟན་འཛིན་ཉི་མ་ལགས་ཀྱིས༢༠༡༨ལོའི་ཀྲུང་གོའི་གླུ་སྐད་སྙན་མོའི་གླུ་དབྱངས་འགྲན་བསྡུར་ལས་ཨང་དང་པོའི་རྟགས་མ་བླངས་པས། དེ་ནི་བོད་རིགས་ཕོ་གསར་གྱིས་བསྟུན་མར་ལོ་གཉིས་ལ་ཀྲུང་གོ་རྒྱལ་ཡོངས་ནས་ལྟ་མཁན་ཆེས་མང་ཤོས་དང་། ཤུགས་རྐྱེན་ཆེས་ཆེ་ཤོས་ཀྱི་གླུ་གཞས་འགྲན་བསྡུར་ལས་ཨང་དང་པོ་བླངས་པ་ཡིན་པས་རྒྱལ་ཕྱི་ནང་གཉིས་སུ་སྐད་གྲགས་བཞག་པ་མ་ཚད། བོད་གླུ་ལེན་མཁན་གྱིས་རིག་གནས་ཆུ་ཚད་དང་། ཕྱོགས་བསྡུས་ནུས་པ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་འགྲོ་བཞིན་པ་ར་སྤྲོད་བྱས།
གོང་གསལ་ནི་ཉེ་བའི་ལོ་ཤས་གྱི་ནང་དུ་བྱུང་བའི་བོད་གྱི་གླུ་པ་གླུ་མའི་དཔེ་མཚོན་ཙམ་ཞིག་ཡིན་ལ་དེ་ལས་བོད་ཀྱི་གླུ་པ་གླུ་མ་རྣམས་རྒྱལ་ནང་དང་། རྒྱལ་སྤྱིའི་གར་སྟེགས་སྟེང་དུ་ལྡིང་ཐུབ་པ་བྱུང་བ་དང་། ཁོང་ཚོའི་རང་ཡུལ་བོད་པའི་མར་དང་རྩམ་པའི་དྲི་ཞིམ་འཐུལ་བའི་གླུ་སྐད་རེ་རེ་ལ་ཕྱི་ནང་གི་གསན་མཁན་མང་པོས་དོ་སྣང་དང་དགའ་བསུ་བྱེད་བཞིན་པ་དེ་ཤེས་ཐུབ།
ལྔ་པ། བོད་ཀྱི་གླུ་པ་གླུ་མའི་མདུན་དུ་ལྷགས་པའི་དཀའ་ངལ།
བོད་མི་རིགས་ནི་སྣང་བ་སྐྱིད་པོ་དང་བག་ཕེབས་པོ། གླུ་ལེན་གར་རྩེད་ལ་དགའ་བའི་རང་གཤིས་རྣལ་མ་དེས་ཉེ་བའི་ལོ་ཤས་རིང་གླུ་པ་གླུ་མའི་གྲངས་ཚད་བྱ་འཕུར་བ་བཞིན་མགྱོགས་པོ་བྱུང་ལ། རྒྱ་ཆེའི་མང་ཚོགས་ཀྱིས་གླུ་པ་གླུ་མ་ལ་དགའ་ཞེན་བྱེད་པའི་ཚ་རླབས་དྲག་པོ་ཞིག་ཀྱང་འཕྱུར་བྱུང་། རེད་དེ་གྲངས་ཚད་འཕར་བ་ལྟར་སྤུས་ཚད་ཡར་རྒྱས་ཡོང་བར་དཀའ་ངལ་མང་པོ་ཞིག་ཡོད་པ་འདྲ། དེ་ལ་ཕྱི་ནང་རྒྱུ་རྐྱེན་གང་མང་ཡོད་པ་ལས་གླུ་པ་གླུ་མ་དང་གླུ་མ་རང་ཉིད་ཀྱི་ངོས་ནས་བཤད་ན། བོད་ཁུལ་ལ་རོལ་དབྱངས་སློབ་སའི་ཆེད་ལས་སློབ་གྲྭ་ཡག་པོ་མེད་ལ། བོད་ཀྱི་གླུ་པ་རྣམས་ཆེད་དུ་རོལ་དབྱངས་སློབ་གྲྭ་ལ་སོང་ནས་རོལ་དབྱངས་སློབ་སྦྱོང་བྱེད་མྱོང་བ་ཉུང་ཉུང་ཡིན། ཆེད་ལས་ཀྱི་སློབ་གྲྭ་འགྲིམ་མ་མྱོང་བ་མ་ཚད་གླུ་པ་གླུ་མ་མང་ཤོས་ནི་སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་ལ་ཡང་འགྲིམ་མྱོང་མེད། དེ་བཞིན་བོད་ཁུལ་དུ་ཕུལ་བྱུང་གི་དབྱངས་རྩོམ་པ་པོ་རེ་འགའ་བཞུགས་ཡོད་ཀྱང་། སྤྱིའི་ཆ་ནས་དགུང་ལོ་མཐོ་ཞིང་། ན་གཞོན་དབྱངས་རྩོམ་མཁན་མང་པོ་གསོ་སྐྱོང་དང་འཚར་ལོངས་ཡོང་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར། ངོ་མ་བཤད་ན་གླུ་པ་གླུ་མ་དག་ལ་རང་དང་འཚམས་པའི་ཚིག་དང་དབྱངས་ཤིག་རག་རྒྱུ་དཀའ་ངལ་ཆེན་པོ་ཡོད། ངས་གླུ་མ་འཇམ་དབྱངས་སྒྲོལ་མ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས་ངའི་བོད་གླུ་མང་པོ་ལེན་བསམ་ཡང་། རང་གི་ངག་རྟ་དང་འཚམ་པའི་བོད་ཡིག་གི་གླུ་ཚིག་མང་པོ་རག་གི་མི་འདུག་གསུངས་མྱོང་། དེ་ལྟར་གླུ་ཚིག་རྩོམ་མཁན་མང་པོ་ཡང་དགོན་པའི་བླ་སྤྲུལ་དང་། མཁན་པོ། སློབ་གྲྭ་ཆེན་མོའི་དགེ་རྒན་སོགས་ཡིན་པས་ཆོས་དང་འབྲེལ་བ་དང་། བསླབ་བྱའི་རང་བཞིན་ཆེན་པོ་ཡོད་ཀྱང་། སྒྱུ་རྩལ་རང་བཞིན་དང་། རྩེད་དགའ་རང་བཞིན། གོ་བདེའི་རང་བཞིན། དུས་རབས་རང་བཞིན་དཀོན་པོ་ཆགས་ལ། ཐ་ན་བྱིས་པའི་ལོ་ཚོད་དང་འཚམས་པའི་གླུ་སྙན་མོ་ཞིག་ཀྱང་འཚོལ་རྒྱུ་དཀའ་མོ་རེད། བོད་ཁུལ་དུ་བྱིས་པ་ཚོས་ཀྱང་ཆུང་འདྲིས་ལ་ཆུང་འདྲིས་ཞེས་པའི་གླུ་དབྱངས་མི་ལེན་ཁག་མེད་གྱུར། ད་རུང་གླུ་པ་གླུ་མ་མང་པོ་ཞིག་གིས་རང་གིས་དབྱངས་རྩོམ་པ་དང་ཚིག་རྩོམ་པ་སོགས་གོ་ཉིས་ཆོད་དང་སུམ་ཆོད་བྱེད་བཞིན་ཡོད་ཀྱང་། སྤུས་ཚན་ལྡན་པའི་བོད་གླུ་སྙན་མོ་ཞིག་གི་ལམ་ཚད་ད་རུང་ཧ་ཅང་རིང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་དུ་གྲགས་པའི་གནས་མཆོག་ལྷ་ས་དང་། མདང་སང་ང་ཡི་རྨི་ལམ། པཎ་ཆེན་དྲན་གླུ་སོགས་ལྟ་བུ་མང་ཚོགས་ཀྱིས་ཉན་ན་གོ་བདེ་བ་དང་། དུས་དང་ཡུལ་གྱིས་བསྐལ་ཡང་བརྗེད་དུ་མེད་པའི་གླུ་དབྱངས་དེ་འདྲ་ཇེ་ཉུང་རེད། དེ་བཞིན་དུས་རབས་ཉེར་གཅིག་གི་ལོ་རབས་དང་པོ་ལ་དགོན་པའི་ཁང་རྟེན་དང་། སྤྲུལ་སྐུའི་ཁྲི་སྟོན། གཞུང་གི་མཛད་སྒོ་སོགས་ཀྱི་སྐབས་སུ་གླུ་པ་གླུ་མ་གདན་ཞུ་བྱེད་མཁན་ཧ་ཅང་མང་ན་ཡང་། ཉེ་བའི་ལོ་ཤས་རིང་དུ་གོང་རིམ་ནས་མཛད་སྒོ་ལ་རྒྱས་སྤྲོས་བྱེད་མི་ཆོག་པ་དང་། འཁྲབ་སྟོན་ཇེ་ཉུང་གཏོང་བ། ཆོས་ལུགས་མཛད་སྒོ་སྐབས་གླུ་གར་འཁྲབ་སྟོན་གྱི་གོ་སྐབས་ཀྱང་ཇེ་ཉུང་དུ་འགྲོ་བཞིན་ཡོད། བོད་ཁུལ་ནི་ཐོན་རྫས་རྫུན་མའི་ཁྲོམ་ར་ཆེ་ཤོས་ཤིག་ཡིན་པས། གླུ་པ་གླུ་མ་ཚོས་ལོ་མང་དཀའ་ལས་བརྒྱབ། འགྲོ་སོང་མང་པོ་བཏང་ནས་ལེགས་གྲུབ་བྱུང་བའི་ཆེད་སྒྲིག་ཟེར་སྡེར་སྒོ་རུ་ཐོན་པ་དང་། མི་གཞན་གྱིས་རྫུན་པར་མང་པོ་བཀྲམ་ནས་མ་རྩ་བརྡིབས་པའི་གནས་ཚུལ་ཡང་བྱུང་དང་འབྱུང་གི་ཡོད། དེ་བཞིན་དེང་སང་ཁ་པར་དང་འཕྲིན་ཕྲན་སོགས་དར་ཁྱབ་སོང་རྗེས་ཆེད་སྒྲིག་ཟེར་སྡེར་ཉོ་མཁན་ཡང་ཇེ་ཉུང་དུ་གྱུར། དེ་ལྟར་བོད་ཀྱི་གླུ་པ་དང་གླུ་མ་དག་ལ་ཕྱི་ནང་གི་འགལ་རྐྱེན་གང་མང་འཕྲད་བཞིན་ཡོད་ཀྱང་། ཁོང་ཚོས་དཀའ་ངལ་གདོང་ལེན་བྱས་ནས་ཤེར་བསྟན་གྱི་གླུ་གར་ཁང་དང་། ཀུན་དགའི་ཨ་མ་ལགས། ཚེ་མགོན་གྱི་ཨ་རོགས་ཁམས་པ། སྐྱིད་བྱམས་ཀྱི་གེ་སར་གསོལ་སྟོན་གླིང་། བཅིངས་འགྲོལ་སྒྲོལ་མའི་ཐོས་པ་དགའ་སོགས་རིག་གནས་ཀྱི་ཚོང་ར་གཉེར་བ་དང་། གསོལ་སྟོན་ཁང་བཙུགས་པ། གླུ་གར་ཁང་ཕྱེ་བ། བྱེད་སྒོ་སྣ་ཚོགས་སྤེལ་བ་སོགས་རང་གི་འཚོ་གནས་དང་རིག་གནས་འཕེལ་རྒྱས་ཐད་ལ་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད།
དྲུག་པ། མ་འོངས་འཕེལ་ཕྱོགས་ཐད་ཀྱི་བསམ་གཞིགས་ཕྲན་བུ།
དུས་རབས་གསར་པ། གོ་སྐབས་གསར་པ། རྣམ་པ་གསར་པ་ཞེས་པ་ལྟར་དེང་སང་ནི་རིག་གནས་འཕེལ་རྒྱས་ཀྱི་རྫོགས་ལྡན་གསར་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད་ཅིང་། བོད་ཀྱི་གཏམ་དཔེ་ལ་ཨ་ཕོ་རང་གིས་འཇོན་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་གསུངས་པ་བཞིན། སོ་སོ་རང་གིས་གོ་སྐབས་དམ་འཛིན་དང་། ཧུར་ཐག་འབད་བསྐྱེད་བྱས་ན་རྒྱལ་ཁ་དང་མདུན་ལམ་བཟང་པོས་ང་ཚོ་ལ་རེ་སྒུག་གནང་བཞིན་ཡོད། དེ་ཡང་བོད་ཀྱི་གླུ་པ་དང་གླུ་མ་རྣམས་ནི་གངས་ཅན་བོད་པའི་རིག་གནས་ཀྱི་བང་ཆེན་དང་། རྒྱ་ཆེའི་མང་ཚོགས་ཀྱི་སེམས་ནང་གི་དབྱངས་ཅན་ལྷ་མོ། ཕྱི་ནང་མི་རིགས་ཁྲོད་དུ་བོད་ཀྱི་མགྲིན་ཚབ་ཕོ་ཉ་ལྟ་བུ་ཡིན་པས་གླུ་པ་གླུ་མའི་བྱང་ཚད་དང་མ་འོངས་འཕེལ་ཕྱོགས་ཐད་ང་ཚོ་ཚང་མས་དོ་སྣང་བྱ་དགོས།
གཅིག རིག་གནས་ཆུ་ཚད་དང་བསམ་བློའི་བྱང་ཚད་མཐོ་རུ་གཏོང་དགོས།
སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ཞེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཀྱང་། སྐད་ཡིག་གི་བྱང་ཚད་ཇེ་མཐོར་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་དུ་གྱུར་ཡོད། བོད་ཀྱི་གླུ་པ་དང་གླུ་མ་ལ་ངེས་པར་དུ་རང་མི་རིགས་ཀྱི་སྐད་ཡིག་གི་ཆུ་ཚད་ངེས་ཅན་ཞིག་དགོས་ཏེ། དེ་ལྟར་མིན་ན་མར་དང་རྩམ་པའི་དྲི་ཞིམ་འཐུལ་བའི་གླུ་དབྱངས་སྙན་མོ་ཞིག་འབྱུང་མི་སྲིད། དེང་སང་གླུ་པ་གླུ་མ་ཁག་གཅིག་གིས་བོད་སྐད་ཀྱིས་གླུ་དབྱངས་བླངས་པ་བཟང་མོད། ཡིན་ན་ཡང་མིག་བཙུམ་ནས་གཟབ་གཟབ་ཀྱིས་ཉན་ན་ཡང་གླུ་ཚིག་གོ་མི་ཐུབ། དེ་ནི་ཕ་སྐད་མ་ཡིག་གི་ཆུ་ཚད་དམའ་བ་དང་། བོད་ཡིག་མ་ཤེས་པས་ལན་པ་འདུག དེ་བཞིན་གླུ་ཚིག་གི་གོ་བ་མ་བླངས་པས། གཅོད་མཚམས་ཉམས་པ་དང་། སྐྱོ་དགོས་སར་སྤྲོ་ཉམས་སྟོན་པ། གླུ་ཚིག་གི་མགོ་མཇུག་ཀུན་ཏུ་ཡིག་ནོར་གྱིས་ཁྱབ་པ་ལྟ་བུ་རེད། རོལ་མོ་བ་གྲགས་ཅན་ཁྭ་ལོ་སོ་ཡིས་གདངས་ཀྱི་མཛེས་པ་ནས་སྐྱོན་རྣམས་བསལ་མི་ཐུབ་སྟེ། སྐད་ངག་ཡོད་མེད་གང་རུང་ཡིན་ན་ཡང་། ཚིག་གི་འདོན་སྟངས་འཁྲུལ་ཞིང་ཡང་དག་གསལ་པོར་མ་འཁྱོངས་ན་ཀུན་གྱིས་དགའ་བསུ་འཐོབ་དཀའ་ཞེས་གསུངས་པ་ལྟར། གླུ་ཚིག་གི་གོ་བ་ཡག་པོ་བླངས་པའི་ཐོག་གསལ་དག་སྙན་གསུམ་གྱིས་གླུ་དབྱངས་ལེན་ཐུབ་པར་འབད་དགོས། དེར་བརྟེན། བོད་སྐད་བོད་ཡིག་གི་རྨང་གཞི་བཟང་པོ་ཞིག་གདིང་རྒྱུ་ནི་ལོ་རྒྱུས་ཀྱི་འགན་འཁྲི་དང་། རང་རིགས་ཀྱི་ལ་རྒྱ་ངོ་མ་དེ་ཡིན། ཉིས་སྟོང་བཅུ་བདུན་ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་རིག་རྩལ་ལེ་ཚན་ཞིག་ནས་རྒྱལ་རོང་གླུ་མ་ཞིག་གིས་རྒྱལ་རོང་བ་ལ་ཡི་གེ་མེད་པ་བཤད་པས་བོད་རིགས་མང་ཚོགས་ཀྱིས་ཁ་རྡུང་བཏང་བ་རེད། དེ་ནི་རྒྱལ་རོང་བུ་མོས་རང་མི་རིགས་ཀྱི་ལོ་རྒྱུས་ཡག་པོ་མ་ཤེས་པས་རེད། དེ་ཡིན་དུས་བོད་ཀྱི་གླུ་པ་དང་གླུ་མ་རྣམས་ཀྱིས་རང་མི་རིགས་ཀྱི་རིག་གནས་དང་། ལོ་རྒྱུས། དམངས་སྲོལ་སོགས་ཀྱི་རྒྱུན་ཤེས་ལ་ངེས་པར་དུ་དོ་སྣང་བྱ་དགོས། གཞན་ཉེ་ལམ་དྲ་ཐོག་ནས་བོད་ཀྱི་གླུ་པ་གསུམ་གྱིས་མདུན་དུ་ལྦུ་རག་བཤམས་ཤིང་། ལག་ཏུ་དུ་བ་རྐང་རེ་བཟུང་བའི་པར་དེ་ལ་མི་མང་པོས་ཁ་རྡུང་དྲག་པོ་བཏང་། དེ་ནི་གླུ་ཞེན་པ་ཚོའི་སེམས་སུ་གླུ་པ་ནི་བཟང་དགུ་འཛོམས་ཀྱི་རེ་བ་དང་ཚད་གཞི་མཐོ་སོང་བ་རེད། དེ་ལྟར་གླུ་པ་དང་གླུ་མ་ནི་མང་ཚོགས་ཀྱིས་དགའ་པོ་དང་དོ་སྣང་བྱེད་ས་དེ་ཡིན་པས། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ཀྱི་ཐད་ནས་གཞན་ལ་མིག་དཔེ་བཟང་པོ་ཞིག་བསྟན་དགོས་པས། ངེས་པར་དུ་རིག་གནས་ཆུ་ཚད་དང་བསམ་བློའི་བྱང་ཚད་ཇེ་མཐོར་གཏོང་དགོས།
གཉིས། དམངས་ཁྲོད་དུ་ཟབ་ཞུགས་དང་ཆེད་ལས་ཤེས་བྱ་སློབ་སྦྱོང་བྱ་དགོས།
བོད་ཡུལ་ནི་གླུ་གར་གྱི་རྒྱ་མཚོ་དང་། དམངས་ཁྲོད་ནི་རིག་གནས་ཀྱི་བང་མཛོད་རེད། སྟོད་མངའ་རིས་སྐོར་གསུམ་ནས་ཞང་ཞུང་གི་ཤོན་དང་། མངའ་རིས་སྒྲ་སྙན། ཞང་ཞུང་རོལ་དབྱངས་སོགས་ཀྱི་བྲོ་བ་མྱོང་ཆོག་ལ། བར་དབུས་གཙང་རུ་བཞི་ནས་ནང་མ་དང་། སྟོད་གཞས། ལྷ་མོ། གཞས་ཆེན་སོགས་ལ་སློབ་སྦྱོང་བྱ་ཆོག སྨད་མདོ་ཁམས་སྒང་དྲུག་ནས་གཞས་དང་། སྒོར་བྲོ། རས་པ་སོགས་ལ་ལོངས་སུ་སྤྱོད་ཆོག དེ་བཞིན་དུ་ཕ་མེས་ནས་དར་བའི་མགུར་དང་། ལ་གླུ། པད་དབྱངས། གཞས་མོ། ལས་གཞས། ཆང་གཞས། རྣམ་ཐར། འཆམ། སྒྲུང་ངག་སོགས་ནི་གླུ་དབྱངས་གསར་རྩོམ་གྱི་ཁུངས་ཡིན། དེ་ཡིན་དུས་གླུ་པ་གླུ་མ་ཚོས་དམངས་ཁྲོད་སྒྱུ་རྩལ་གྱི་སྦྲང་རྩི་མངར་མོ་ལ་ལོངས་སུ་མ་སྤྱད་ན། རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་སྒྱུ་རྩལ་བརྩམས་ཆོས་ནི་འབྱུང་དཀའ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྐབས་སུ་བྱུང་བའི་ང་ཡི་དོན་གྲུབ་ཚེ་རིང་དང་། ཨ་རོགས་ཁམས་པ། ཆུ་བོ་རྒྱལ་མོ་རྔུལ་ཆུ་སོགས་གྲགས་ཅན་གླུ་དབྱངས་ཚང་མའི་དབྱངས་རྟ་ནི་དམངས་ཁྲོད་ཀྱི་སྒོར་བྲོ་དང་། གཞས་ཀྱི་ཉམས་འགྱུར་ལྡན་ཡོད། དེར་བརྟེན་དམངས་ཁྲོད་ནི་སྒྱུ་རྩལ་གྱི་འབྱུང་ཁུངས་ཡིན་པས་ང་ཚོས་ངེས་པར་དུ་ལོངས་སུ་སྤྱོད་དགོས། དེ་དང་ཆབས་ཅིག་ང་ཚོའི་མི་རིགས་གཞན་པ་དང་རྒྱལ་ཁབ་གཞན་པའི་གླུ་དབྱངས་ལེན་སྟངས་ལ་ཡང་སློབ་སྦྱོང་བྱ་དགོས་ཤིང་། གཞན་གྱི་ལེགས་ཆ་དང་དུ་ལེན་པ་ནི་རང་ཉིད་ཡར་རྒྱས་འགྲོ་བའི་ཐབས་ལམ་བཟང་ཤོས་དེ་ཡིན། དེང་སང་དམངས་ཁྲོད་ཀྱི་གླུ་པ་དང་གླུ་མ་གང་མང་ཞིག་ལ་སྐད་ངག་ཡག་པོ་ཡོད་དེ། ཞིང་ཁ་དང་། རྩྭ་ཐང་ནས་ཉན་ན་སྙན་ཡང་། སྒྲ་ཕབ་ཁང་དུ་སླེབས་དུས་གླུ་དབྱངས་ལེན་མི་ཤེས་པ་ལྟར་ཆགས་བཞིན་པས། ངེས་པར་དུ་རོལ་དབྱངས་ཀྱི་ཆེད་ལས་ཤེས་བྱ་དང་། མ་མཐའ་ཡང་དབྱངས་ཡིག་ངོ་ཤེས་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྙམ།
གསུམ། གླུ་དབྱངས་ཀྱི་སྤུས་ཚད་ཇེ་མཐོ་དང་འཕྲིན་སྦྱོར་ནུས་པ་བེད་སྤྱོད་གང་ལེགས་བྱ་དགོས།
དེང་སང་བོད་ཁུལ་དུ་ལག་བདེ་མོ་ཀུན་ལ་ལྷ་བཟོ་དང་། ངག་བདེ་མོ་ཚང་མ་ལ་གླུ་པ་ཞེས་འབོད་བཞིན་ཡོད་ཀྱང་། གནའ་བོའི་དུས་སུ་ལྷ་བཟོ་ཞིག་གིས་ཐང་ཀ་ཞིག་བཞེངས་དགོས་ན་བྱ་གསུམ་གྲགས་ཞེས་ལོ་གསུམ་ཙམ་ལ་བྲིས་པ་དང་། དེང་སང་ཟླ་བ་རེ་ལ་ཐང་ཀ་རེ་འབྲི་མཁན་ཡང་མང་པོ་རེད། དེ་བཞིན་གླུ་པ་དང་གླུ་མ་རྣམས་ཀྱིས་ཆེད་སྒྲིག་ཟེར་སྡེར་མང་པོ་བཏོན་པ་དང་། རང་ཉིད་ཀྱི་དགའ་ཕྱོགས་དང་ཁྱད་ཆོས་ལ་མ་བསྟུན་པར་གླུ་དབྱངས་ལུང་པ་གང་ལེན་བཞིན་ཡོད་ཀྱང་། སྤྱི་ཚོགས་ཐོག་གྲགས་ཐུབ་པ་དང་། ཆེད་མཁས་པས་གདེང་འཇོག་ཐོབ་པ་ཉུང་ཉུང་ཡིན། དེ་ཡིན་དུས་ལག་ཏུ་གླུ་ཚིག་གང་རག་ངག་ནས་མི་བཀུག་པ་དང་། ངག་ནས་གང་བཀུག་སྤྱི་ཚོགས་ཐོག་མི་བཀྲམ་པར་རང་གཤིས་དང་། སྤུས་ཚད་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ། དུས་ད་ལྟ་ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པས་རླུང་འཕྲིན་དང་། བརྙན་འཕྲིན། དྲྭ་བ། པོད་ཕྲན། འཕྲིན་ཕྲན་སོགས་འཕྲིན་སྦྱོར་གྱི་བྱེད་ཐབས་སྣ་ཚོགས་བེད་སྤྱད་ནས་རང་ཉིད་དང་རང་ཉིད་ཀྱི་བརྩམས་ཆོས་ངོ་སྤྲོད་དང་དྲིལ་བསྒྲགས་བྱ་དགོས། སྤྱིར་ང་ཚོ་གངས་ཅན་པའི་ཁྱད་ཆོས་གཅིག་ནི་ཤེས་ན་མི་ཤེས་མདོག འཇོན་ན་མི་འཇོན་མདོག ང་ང་ཟེར་རྒྱུ་ལ་དགའ་པོ་མེད། ཡིན་ན་ཡང་ད་ལྟའི་དུས་རབས་ནི་ངའི་ཤེས་ངའི་འཇོན་ཟེར་བའི་དུས་སྐབས་སུ་སླེབས་ཡོད་པས་ངེས་པར་དུ་རང་ཉིད་ཀྱི་བརྩམས་ཆོས་དག་དེང་རབས་ལག་རྩལ་དང་གར་སྟེགས་ལ་བརྟེན་ནས་དྲིལ་བསྒྲགས་ཡག་པོ་བྱ་ཤེས་དགོས།
བཞི། སྲོལ་རྒྱུན་གྱི་རྩ་བ་མ་བོར་བའི་ཐོག་ནས་དེང་རབས་ཀྱི་འགྲོ་ཕྱོགས་ལ་འབད་དགོས།
མཁས་དབང་དགེ་ཆོས་ཀྱིས་རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས་ཞེས་ང་ཚོ་བོད་པའི་པས་སྲོལ་རྒྱུན་དང་རྙིང་པ་ལ་འཐམ་འཁྱུད་བྱས་པ་ལས། རིག་གནས་གསར་པ་དང་དུ་མི་ལེན་པའི་གནས་ཚུལ་ཞིག་གསུངས་ཡོད། དེར་བརྟེན། ང་ཚོས་གསར་པ་དང་དུ་ལེན་མི་རིགས་པ་མ་ཡིན་ཏེ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བར་ཨ་རིའི་ནུབ་ཕྱོགས་ཀྱི་གྲོང་གསེབ་དག་ནས་རིམ་གྱིས་དར་བའི་འདར་འགྲིལ་རོལ་དབྱངས་དང་། ལ་ཏིང་མེ་གླིང་ནས་དར་བའི་སྣ་མང་རང་བཞིན་ཅན་གྱི་ལ་ཏིང་རོལ་དབྱངས། དེ་བཞིན་ཨ་རིའི་མི་ནག་ཡུལ་ནས་དར་ཞིང་། ཡོ་རོབ་དང་ཨ་རི་སོགས་ལ་ཤུགས་རྐྱེན་ཧ་ཅང་ཆེ་བའི་པུའུ་ལོང་སི་རོལ་དབྱངས། གནའ་རབས་རོལ་དབྱངས། རྗེ་སི་རོལ་དབྱངས་སོགས་ཀྱི་ལེགས་ཆ་སློབ་སྦྱོང་བྱ་ཆོག་ལ། ང་ཚོ་བོད་རང་གི་ཡུལ་ནས་དར་བའི་ལྷ་མོ་དང་། འབྲས་དཀར། བླ་མ་མ་ཎི། གེ་སར་སྒྲུང་སོགས་ཀྱི་ནང་ནས་རྒྱུ་ཆ་འཚོལ་ཆོག དཔེར་ན། དེང་སང་གླུ་པ་བདེ་སྐྱིད་ཚེ་རིང་དང་། གོང་པ་བདེ་ལེགས་ནོར་བུ། བཀྲ་ཤིས་ཕུན་ཚོགས། དཔལ་ཆེན་དབང་རྒྱལ། ཨ་ནི་རིང་ལུགས་སོགས་ཀྱི་གླུ་ཚིག་དང་དབྱངས་རྟ་ལས་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་དགེ་མཚན་དག་མཐོང་ཐུབ། འདི་ནི་བོད་གླུ་ཡར་རྒྱས་འགྲོ་བའི་ཐབས་ལམ་ཞིག་ཀྱང་ཅི་ལ་མིན། གཞན་ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་གླུ་ཚིག་ཡིན་ན་གླུ་ཚིག་གཅིག་ལ་ཕལ་ཆེར་ནང་དོན་ཚན་པ་གསུམ་རེ་ཅན་ཡིན་པ་དང་། ཤོ་ལོ་ཀ་གཉིས་ནི་དཔེ་དང་ཤོ་ལོ་ཀ་གཅིག་དེ་དོན་ཡིན་མོད། དེང་སང་གླུ་ཚིག་འབྲི་བར་དེ་འདྲ་བྱ་དགོས་པའི་ངེས་པ་མེད་དེ། ཁྱད་པར་དུ་སྙན་ངག་དང་མངོན་བརྗོད་ཀྱིས་བཅིངས་ཆེ་མི་རུང་ལ། རྒྱ་ཆེའི་མང་ཚོགས་ཀྱིས་གོ་སླ་བ་དང་ཉན་བདེ་བ། མི་ཡི་སེམས་ཁམས་དང་། འཚོ་བ་བཅས་དང་འབྲེལ་བའི་གླུ་ཚིག་འབྲི་བའི་ཕྱོགས་སུ་གོམ་པ་སྤོ་དགོས། རྡོ་རྗེ་བཀོད་པ་ལས། གླུ་ཡི་ཡོན་ཏན་བསམ་མི་ཁྱབ། །སྔོན་གྱི་རྒྱལ་བ་གླུ་ཡིས་གྲུབ། །བསྟན་པ་རྒྱ་མཚོ་གླུ་ཡིས་སྤེལ། །སྲིད་པའི་བུ་མོ་གླུ་ཡིས་འདྲེན། །བདུད་དང་སྲིན་པོ་གླུ་ཡིས་འདུལ།།དངོས་གྲུབ་རྒྱ་མཚོ་གླུ་ཡིས་འབོབས། །ཞེས་གསུངས་པ་ལྟར། གླུ་དབྱངས་ནི་རིགས་རུས་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་འགྲོ་བ་དགྱེས་པའི་སྒྱུ་རྩལ་ཡག་ཤོས་ཤིག་ཡིན་པས། མ་འོངས་པར་ང་ཚོ་བོད་ནས་ཀྱང་འཛམ་གླིང་ལ་གྲགས་པ་འབར་བའི་གླུ་པ་གླུ་མ་གང་མང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །
སླར་སྨྲས་པ།
ཚངས་པའི་དབྱངས་དང་དབྱངས་ཅན་ངག །ཁུ་བྱུག་གསུང་གི་བདག་ཉིད་ཅན། །གངས་ཅན་གླུ་པ་གླུ་མ་རྣམས། །འགྲོ་བ་དགྱེས་པའི་གྲོགས་སུ་གྱུར། །ཕ་སྐད་གཙང་མ་ངག་ན་འཁྱིལ། །ཕ་ཆས་དག་མ་ལུས་ན་མཛེས། །ཕ་མེས་སྲོལ་བཟང་སེམས་ན་བཟུང་། །ཕ་ས་དྲོན་མོའི་རྒྱན་དུ་མཛེས། །ལུས་ཀྱི་ལང་ཚོ་མ་འཇིག་བར། །ངག་གི་འགྱུར་ཁུག་མ་ཉམས་བར། །སེམས་ཀྱི་སྤོབས་པ་མ་ཞུམ་བར། །སྙན་མོ་དབྱངས་ཀྱི་དངོས་གྲུབ་སྩོལ། །དུས་རབས་གསར་པའི་ཡོ་ལང་ཁྲོད། །རང་རིགས་སྲོལ་བཟང་མ་དོར་བར། །ཁུ་བྱུག་གསུང་ལ་འགྲན་བཟོད་པའི། །དབྱངས་ཀྱི་རྒྱལ་མོས་བཀྲ་ཤིས་ཤོག །
[དུས་དེབ་ཀྱི་རྩོམ་སྒྲིག་འགན་འཁུར་བ། ནོ་མོ།]
༼ བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག ༽༢༠༢༢ལོའི་དུས་དེབ་གཉིས་པ་ནས་དྲངས།
རྩོམ་པ་པོ་ངོ་སྤྲོད།
བྱམས་པ་རྡོ་རྗེ། སི་ཁྲོན་དཀར་མཛེས་རྫོང་དུ་སྐྱེས། སྔར་དཀར་མཛེས་བོད་ཡིག་སློབ་འབྲིང་དུ་བགྲང་བྱ་བཅུ་གསུམ་ལྷག་ལ་དགེ་རྒན་གྱི་བྱ་བ་གཉེར། སྤྱི་ལོ༢༠༠༩ལོ་ནས་ཁམས་པའི་བརྙན་འཕྲིན་དུ་ལས་ཀ་བསྒྲུབས་ཤིང་། དེང་སང་ཁམས་པའི་བརྙན་འཕྲིན་ཁང་ཆེད་དོན་རིག་རྩལ་ཚན་ཁག་གི་གཙོ་འགན། བྱམས་པའི་ཁ་བརྡ་ལེ་ཚན་གྱི་གློག་བརྙན་བཟོ་བདག གངས་རི་རྩྭ་ཐང་དང་། བྱམས་པའི་ཁ་བརྡ་ལེ་ཚན་སོགས་ཀྱི་མདོ་འཛིན་པ་ཡིན། ༢༠༡༤ལོར་རྒྱལ་ཡོངས་ལོ་གསར་བརྙན་འཕྲིན་རིག་རྩལ་ལེ་ཚན་གྱི་མདོ་འཛིན་པ་གྲགས་ཅན་གྱི་བྱ་དགའ་དང་། ༢༠༢༡ལོར་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་བརྙན་འཕྲིན་ལས་སྒྲུབ་པ་བཅུའི་བྱ་དགའ་སོགས་ཐོབ།
འཕྲིན་སྟེགས་རྩོམ་སྒྲིག་པ། བྱམས་པ་ཚེ་རིང་།
འཕྲིན་སྟེགས་ཞུ་དག་པ། བྱམས་པ་ཚེ་རིང་།
འཕྲིན་སྟེགས་ཞིབ་བཤེར། ཕུན་ཚོགས་ཡོན་ཏན།
发表评论 取消回复