༄༅། །བོད་ཀྱི་ལོ་སར་བསུ་བའི་ཤིས་ཚིག

——སྒོམ་པ་བཀྲ་ཤིས།

དབུགས་ཁུག་པ་ཆིག་ཁྲི་གཉིས་སྟོང་ལྷག།

གྲངས་བསགས་ཏེ་ལོ་ཡི་ཁྱུད་འཁོར་རེ།།

དུས་སྐད་ཅིག་མི་སྡོད་འཁོར་བ་ཡིས།།

མིའི་འགྲོ་བའི་ལོ་ཡི་གདགས་གཞི་གྲུབ།།

མིའི་ལུས་ལ་སྲོག་ཆགས་མགོ་བོ་ཅན།།

ལོ་རྩི་བྱེད་ལོ་བརྙན་བཅུ་གཉིས་དང་།།

རླུང་གཡོ་བ་མཚོན་བྱེད་ཤིང་སོགས་ལྔ།།

གཞི་གཅིག་ཏུ་རྟོག་པས་བཏགས་ཆོས་ཀྱིས།།

དུས་ད་ལོ་རབ་གནས་ཆུ་ཡོས་ཀྱི།།

ལོ་བགྲང་བྱ་གསར་བའི་འཛུམ་ཞལ་བསུས།།

བཀྲ་ཤིས་པའི་གནམ་ལོ་འདི་ཡི་ནང་།།

རུས་གདུང་རྒྱུད་གཅིག་ལས་གྲོལ་བ་ཡི།།

སེམས་བརྩེ་བ་ཟབ་པའི་གཉེན་ཉེ་དང་།།

འབྲེལ་ཕྱི་ཐག་རིང་བའི་སྤུན་གྲོགས་རྣམས།།

སྡོམ་དམ་ཚིག་གཅིག་པའི་མཆེད་ལྕམ་ཚོའི།།

ལུས་ལང་ཚོ་རྒས་མེད་གཟི་མདངས་རྒྱས།།

ངག་སྨྲ་བརྗོད་འགག་མེད་སྙན་འགྱུར་རྫོགས།།

ཡིད་གསལ་རིག་ཟག་མེད་བདེ་བས་ཚིམ།།

ཚེ་ཡུན་རིང་ནད་མེད་ལོ་བརྒྱ་འཚོ།།

བློ་རིག་པ་འགྲན་མེད་རྣམ་དཔྱོད་རྒྱས།།

ནོར་ལོངས་སྤྱོད་འཛད་མེད་གཏེར་དུ་བརྡོལ།།

ཡུལ་སྣང་བ་འཛིན་མེད་སེམས་སུ་ཤེས།།

ཆོས་རྟེན་འབྱུང་བདེན་མེད་སྒྱུ་མར་རྟོགས།།

འཕྲལ་གང་བསམ་འབད་མེད་ལྷུན་གྱིས་གྲུབ།།

ཕུགས་ཅི་འདོད་གེགས་མེད་མྱུར་འགྲུབ་ཤོག།


བོད་རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་བ་བསུ་བའི་ཤིས་ཚིག་ཚན་པ་འདི་ནི། སྔོ་དེའུ་སྒོམ་པ་བཀྲ་ཤིས་སུ་འབོད་པས། སྤྱི་ལོ་༢༠༢༣ལོའི་ཟླ་༢པའི་ཚེས་༢༡ལ་བོད་སྐད་དུ་ཆུ་འདུའམ་སྤོས་ལྡན་གྲོང་ཁྱེར་ཞེས་བྱ་བ་ནས་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་གྲངས་མེད་དང་བཅས་ཕུལ་བ་དགེའོ།།



来源:傲帝仓的自留地

点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部