ནང་དོན་གནད་བསྡུས། རྩོམ་ཡིག་གི་ནང་དུ་གཙོ་བོ་ཀན་ལྷོའི་གེ་སར་སྒྲུང་པ་གྲགས་ཅན་སྐལ་བཟང་གྲགས་པའི་ལོ་རྒྱུས་དང་གླིང་སྒྲུང་གྱེར་བཤད་ཀྱི་ཐུན་མིན་གྱི་སྒྱུ་རྩལ་ཁྱད་ཆོས་རགས་བསྡུས་ཀྱིས་བཀོད་པ་དང་ཆབས་ཅིག་སྐལ་བཟང་གྲགས་པ་ལས་འཕྲོས་ཏེ་ད་ལྟ་མདོ་དབུས་ཁམས་གསུམ་དུ་སྒྲུང་པའི་ཐད་དུ་གནས་པའི་གནད་དོན་དང་དོ་སྣང་བྱེད་དགོས་པའི་ཕྱོགས་སུ་སྦ་གསང་མེད་པར་ལྷག་བསམ་དཀར་བོའི་ལྟ་བ་བརྗོད་ཡོད། དམིགས་ཡུལ་ཡང་སྐྱོན་བྲལ་གྱི་ངང་ནས་གླིང་སྒྲུང་འཕེལ་རྒྱས་དང་འཛིན་སྐྱོང་བྱ་བའི་ཕྱིར་ཏོ། །རྩོམ་ཡིག་འདི་འདྲ་ཞིག་སྤེལ་དོན་ཡང་སྒྲུང་པ་སྐལ་བཟང་གྲགས་པའི་སྒྲུང་བཤད་ཀྱི་སྒྱུ་རྩལ་ལ་འགྲན་ཟླ་མེད་ཅིང་མཚན་སྙན་གྲགས་ཀྱང་ཤིན་ཏུ་ཆེ་མོད། འོན་ཏེ་རྒྱ་ཡིག་དང་བོད་ཡིག་སོགས་སུ་དྲིལ་སྒྲོག་གི་རྩོམ་ཡིག་ཧ་ཅང་ཉུང་པའི་རྒྱུ་མཚན་གྱིས་ཀུན་ནས་བསྐུལ་ཏེ་བྲིས་སོ།།

གནད་ཚིག གེ་སར་སྒྲུང་པ། སྐལ་བཟང་གྲགས་པ། རྟོག་དཔྱོད་ཞིབ་འཇུག

དེ་ཡང་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རབས་ཆེན་མོ་འདི་བགྲང་བྱ་སྟོང་གཅིག་ཡས་མས་སུ་གནའ་དེང་སྒྲུང་པ་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བ་ཡིན་པ་གདོན་མི་ཟ། དུས་རབས་དང་ལོ་རབས་མི་འདྲ་བར་བྱུང་བའི་གླིང་རྗེ་གེ་སར་གྱི་སྒྲུང་པ་རྣམས་ནི་གླིང་སྒྲུང་འདིའི་གསར་སྐྲུན་པ་དང་རྒྱུད་འཛིན་པ། སྲུང་སྐྱོབ་པ། བརྒྱུད་སྒྲོག་པ་བཅས་ཡིན་ཞིང་། ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཞུགས་པའི་ཀློག་པ་པོ་བྱིངས་ཀྱི་སྤྱན་ལམ་དུ་གླིང་སྒྲུང་327ལྷག་དགའ་སྟོན་དུ་འགྱེད་ཐུབ་པའང་སྒྲུང་པ་དེ་རྣམས་ཀྱི་ཕྱག་རྗེས་བླ་མེད་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།། དེས་ན་སྒྲུང་པ་མེད་ན་སྒྲུང་དཔེ་མེད་ཅེས་ཁ་ཚོན་བཅད་ཆོག་ཆོག་ཡིན་འདོད། ཡིན་ནའང་ངེད་ཅག་གིས་ངེས་པར་རྟོགས་དགོས་པ་གསུམ་ཡོད་དེ། ཐོག་མར་སྒྲུང་པ་འཚར་ལོངས་འབྱུང་སའི་འཁོར་ཡུག་ངེས་ཅན་ཞིག་དགོས་པ་དང་གཅིག  གླིང་སྒྲུང་འདི་འཆད་ཉན་བྱེད་མཁན་གྱི་མི་དམངས་མང་ཚོགས་འཛོམ་དགོས་པ་དང་གཉིས། གླིང་སྒྲུང་འདི་ཡིག་ཐོག་ཏུ་འགོད་པའི་ཤེས་ལྡན་མི་སྣ་ཡོད་དགོས་པ་དང་གསུམ། ཆ་རྐྱེན་འདི་གསུམ་འཛོམས་ན་ད་གཟོད་གླིང་སྒྲུང་འདི་གསོན་པའི་ཚུལ་དུ་གནས་ཐུབ་ལ་ཡུན་ནས་ཡུན་དུ་དར་རྒྱས་སུ་འགྲོ་བར་ཡིད་ཆེས་ཀྱང་བརྟན་པོ་མཆིས། ད་ལྟ་གླིང་སྒྲུང་འདིས་འཛམ་གླིང་སྟེང་ཆེས་རིང་བའི་སྙན་རྩོམ་གྱི་གསེར་གྱི་ཅོད་པན་མནབས་ཡོད་པ་ཡང་གེ་སར་སྒྲུང་པ་རྣམ་པའི་བཀའ་དྲིན་སྐུ་དྲིན་ཡིན་པ་སུས་མི་རྟོགས་སམ། ངེད་ཅག་གིས་གཞར་ཡང་གེ་སར་སྒྲུང་པ་རྟོག་དཔྱོད་དང་ཞིབ་འཇུག་སྲུང་སྐྱོང་བགྱི་བ་ནི་སྣང་མེད་དུ་བསྐྱུར་མི་རུང་བའི་འོས་འགན་ཞིག་ལགས། སྒྲུང་པ་རྣལ་མ་ཇི་ལྟར་མང་ན་གེ་སར་གྱི་སྒྲུང་དཔེ་གསར་པ་དེ་བཞིན་ཇེ་མང་ནས་ཇེ་རྒྱས་འགྲོ་ཐུབ་པའི་གནས་ལུགས་ཡིད་ལ་ངེས་དགོས།

འདིར་སྐབས་སུ་བབ་པའི་གཏམ་དང་དུས་སུ་འབབ་པའི་ཆར་ཏེ་ཀན་ལྷོའི་གེ་སར་སྒྲུང་པ་གྲགས་ཅན་སྐལ་བཟང་གྲགས་པ་ཉིད་ཇི་ལྟར་གླིང་སྒྲུང་སྒྱུ་རྩལ་པའི་ལམ་དུ་ཞུགས་པ་དང་ཁོང་གི་སྒྲུང་བཤད་ཀྱི་ཐུན་མིན་ཁྱད་ཆོས་གང་དག་ཡོད་པ་སོགས་བརྗོད་དོན་ཡིན་པས་ན་གཤམ་དུ་རིམ་གྱིས་འགོད་པར་བྱའོ།།

མདོ་སྨད་ཡུལ་དུ་གྲགས་པའི་དབྱར་རྔ་ཕྱོགས་བཞིར་ཁྱབ་དང་ཁྱབ་བཞིན་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་པ་སྐལ་བཟང་གྲགས་པ་ལགས་ནི་ཁོ་བོས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་དུ་ངོ་ཤེས་པར་མ་ཟད་གྲོགས་པོའང་བཟང་པོར་གྱུར་ཡོད། ཁོང་གི་ལོ་རྒྱུས་དེ་སྔ་རགས་རམ་གྱིས་གང་སར་བརྗོད་མྱོང་ཡང་ཞིབ་མོས་ཡིག་ཐོག་ཏུ་བཀོད་མེད་པས་ན་བློ་ཕངས་པ་དང་སེམས་སྐྱོ་བས་ཁེངས་པའི་ཚོར་བ་ཞིག་ངང་ངམ་ཤུགས་སུ་སྐྱེས་ནས་ཁ་སྐོང་བའི་ཚུལ་དུ་རྩོམ་ཡིག་འདི་འབྲི་མགོ་བརྩམས།  ད་དུང་སྤྱི་ཚོགས་སྟེང་ན་ཁྱབ་བཞིན་པའི་གེ་སར་སྒྲུང་པའི་སྐོར་གྱི་རྩོམ་ཡིག་འབོར་ཆེན་ཡོད་ཀྱང་། སྒྲུང་པ་སྐལ་བཟང་གྲགས་པའི་ལོ་རྒྱུས་དང་ཕྱག་རྗེས་བརྗོད་པའི་རྩོམ་ཡིག་རྒྱ་ཡིག་དང་བོད་ཡིག་གཉིས་ལས་བྲིས་པ་ཤིན་ཏུ་ཉུང་བར་མ་ཟད་ཆ་ཚང་ངམ་ཚད་ལྡན་ཞིག་མི་སྣང་བའི་ཚོར་བས་བསྐུལ་ནས་སྡུག་རུས་ཀྱིས་རྒྱུ་ཆ་བཙལ་ནས་རྩོམ་ཡིག་འདི་འབྲི་ཁུལ་བྱས་སོ།།

དང་པོ།  སྒྲུང་པའི་ལོ་རྒྱུས་ངོ་སྤྲོད།

སྒྲུང་པ་གྲགས་ཅན་སྐལ་བཟང་གྲགས་པ་ལགས་ནི་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་སུ་མངོན་པར་ཆགས་པའི་སྔོན་མཆོག་ལྷ་སྡེའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་1953ལོར་སྐྱེས་ཤིང་། ཁོང་ཉིད་ཆུང་ངུའི་དུས་སུ་བློ་རིག་རྣོ་ལ་ཁ་ལྕེ་བདེ་བ་དང་། རིག་པར་སྦྱང་བརྩོན་ལ་སྤྲོ་བ། གླུ་གཞས་དང་ཞབས་བྲོ་སོགས་ཀྱི་སྒྱུ་རྩལ་ལ་དུངས་པ་ཆེ་བའི་མི་ཞིག་ཡིན་པས། རྒན་པ་ཚོས་བྱིས་པ་འཇོན་ཐང་ཅན་ཞིག་ཡོང་རྒྱུ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གང་སར་སྟོར་བ་ལགས།  ཁོང་རང་དགུང་ལོ་བདུན་བརྒྱད་སྐབས་སུ་ས་ཆ་དེའི་སློབ་གྲྭར་ལོ་གཉིས་ཡས་མས་སུ་འགྲིམས་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་བགྱིས་མྱོང་ཡང་མཐའ་མར་སློབ་གྲྭ་འགྲིམ་མ་འདོད་པར་བླ་བྲང་དགོན་པར་ཞུགས་རྒྱུ་འདུན་པ་དྲག་པོ་ཡིད་ལ་སྐྱེས་ནས་སློབ་གྲྭ་ལས་སྒོར་བུད་དེ་བླ་བྲང་དགོན་པའི་བརྒྱུད་སྟོད་གྲྭ་ཚང་་ལ་ཆོས་ཞུགས་མཛད་དེ་རབ་བྱུང་བསྒྲུབས། ཁོང་ལ་ལྷན་སྐྱེས་ཀྱི་ཡོན་ཏན་ཚོགས་ཀྱིས་ཕྱུག་པའི་ཁར་རྣམ་གཡེང་དང་བྱིང་རྒོད་ཀྱི་དབང་དུ་མ་སོང་བར་བློ་སེམས་རྩེ་གཅིག་གིས་རྒྱལ་བའི་བསྟན་པར་ཐོས་བསམ་གང་ནུས་བྱས་སྟབས། མ་འགྱངས་པར་རྒྱལ་བའི་ལུང་དང་རྟོགས་པའི་བསྟན་པའི་ཤེས་བྱ་མི་ཉུང་བ་ཁོང་དུ་ཆུད་པས་ངག་གི་བསྟོད་པ་དགོན་པའི་ཁོར་ཡུག་ཏུ་སྒྲ་འཛིན་གྱི་ལམ་དུ་ལྷུང་བཞིན་མཆིས། ད་དུང་དགོན་པའི་སྔགས་པ་གྲྭ་ཚང་གི་རྣམ་ཐར་ཚོགས་པའི་ནང་ཞུགས་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་བཅས་པའི་མི་སྣ་གཙོ་བོ་འཁྲབ་སྟོན་བྱས་ཏེ་སྒྱུ་རྩལ་གྱི་མི་སྣ་གསོན་ཉམས་ལྡན་པ་བཞེངས་སྐྲུན་གནང་བས་ལྟད་མོ་བ་རྣམས་ཀྱིས་བསྟོད་པའི་མཐེ་བོང་ཡང་བསྒྲེངས་མྱོང། ཡིན་ནའང་སྲིད་པའི་ཁ་དཔེར་སྐྱིད་ཀྱི་རྔ་མ་མི་རིང་ཟེར་བ་ལྟར། མི་འདོད་དུས་འགྱུར་གྱི་དབང་གིས་དགོན་པ་ནས་སྐྱ་སར་འབབ་དགོས་པ་བྱུང་སྟབས། རང་ཁྱིམ་ལ་ལོག་ནས་ཞིང་ཕྱུགས་ཀྱི་ལས་ལ་ཞུགས་དགོས་བྱུང་། ཕྱིས་སུ་ཁོང་ཉིད་ནར་སོན་པ་དང་མཉམ་དུ་འཇིག་རྟེན་འཁོར་བའི་ཁྱིམ་ཚང་གསར་པ་བཙུགས་ཤིང་ཆུང་མ་ཡང་བླངས་ནས་འཚོ་བ་རོལ་མགོ་བརྩམས། ཁོང་གི་ཆུང་མའི་མིང་ལ་ཚེ་རིང་སྐྱིད་ཟེར་ཞིང་1955ལོར་སྐྱེས། ཁོང་བཟའ་ཟླ་གཉིས་ལ་བུ་མོ་གཅིག་དང་བུ་གཅིག་ཡོད། བུ་མོ་ནི་ཆུང་མའི་གཞུག་ཁྲིད་ཡིན་ཞིང་མིང་ལ་འཇིགས་བྱེད་འཚོ་ཟེར། 1972ལོར་སྐྱེས། ད་ལྟ་རང་གི་དགའ་ཕྱོགས་དང་མོས་པ་ལྟར་དུ་གཙོས་གྲོང་ཁྱེར་དུ་བོད་པའི་ཞབས་བྲོ་དང་སྐོར་བྲོ་སོགས་གཞན་ལ་ཁྲིད་སྦྱོང་གི་ལས་སུ་ཞུགས་བཞིན་མཆིས། ཕྱིས་སུ་ཁོང་བཟའ་ཟླ་གཉིས་ཀྱི་རྒྱུད་ལ་བུ་ཕྲུག་ཞིག་སྐྱེས་པས་སྤྲོ་བ་འབུམ་གྱིས་མྱོས། མིང་ལ་མགོན་པོ་དོན་གྲུབ་ཟེར། 1980ལོར་སྐྱེས། བུས་ད་ལྟ་བློ་སེམས་རྩེ་གཅིག་གིས་ཕ་རྒན་གྱི་རེ་འདུན་དང་ཁོར་ཡུག་ཡོན་བདག་སོགས་ཀྱིས་ཡང་ཡང་བསྐུལ་བའི་ངོར་ཉམ་ཐག་ནད་པ་སྐོར་ལ་སྨན་གསོའི་ཞབས་ཕྱི་སྒྲུབ་བཞིན་མཆིས། བུ་དང་བུ་མོ་གཉིས་བློ་རིག་གསལ་ཞིང་བྱམས་སེམས་ལྡན། ལས་ལ་བརྩོན་ཞིང་རྒན་པར་བསྙེན་བཀུར།  དུས་རྒྱུན་ཁ་འདོན་དགེ་སྦྱོར་ལ་སྤྲོ་བ། ཁྱིམ་མཚེས་གཡས་གཡོན་ལ་རོགས་རམ་དང་འགྲིག་མཐུན་ཡོང་བས་ཚང་མས་ངག་བསྟོད་བྱེད་བཞིན་མཆིས། ད་ལྟ་བུ་དང་བུ་མོ་གཉིས་གཉེན་སྒྲིག་བྱས་ནས་བུ་མོར་བུ་མོ་ཞིག་སྐྱེས་ཡོད་ལ་བུ་ལ་བུ་ཆུང་ཞིག་སྐྱེས་ཡོད། ཁོ་གཉིས་ཀྱིས་རང་གི་ལུས་ཤུགས་དང་རིག་པར་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་གྱིན་ཡོད་པར་སྐད།  

1962ལོར་སྒྲུང་པ་སྐལ་བཟང་གྲགས་པ་ཁོང་གིས་བླ་བྲང་དགོན་པའི་སྔགས་པ་གྲྭ་ཚང་གི་རྣམ་ཐར་ཚོགས་པར་རོགས་ཁྲིད་བྱེད་པ་དང་དུས་མཚུངས་སུ་བསང་ཆུ་རྫོང་རྨེའུ་རྒྱ་ཤང་ཨ་མཆོག་སྡེ་བའི་རྣམ་ཐར་ཚོགས་པ་གསར་དུ་བཙུགས་ནས། གླིང་སྒྲུང་ལས་《བདུད་འདུལ》དང་། 《རྒྱལ་པོ་སྲོང་བཙན་སྒམ་པོ》 《རྒྱལ་བུ་དྲི་མེད་ཀུན་ལྡན》 《ཆོས་རྒྱལ་ནོར་བཟང》《སྣང་ས་འོད་འབུམ》དང་བཅས་པའི་བོད་ཀྱི་ཟློས་གར་བརྒྱད་སོགས་འཁྲབ་སྟོན་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་བླ་ལྷག་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཀྱང་ཁས་ལེན་གནང་། ད་དུང་དུས་དེར་ཟློས་གར་འཁྲབ་སྟོན་པའི་འཁྲབ་ཆས་དང་རོལ་མོ། བཟའ་བཏུང་གི་འགྲོ་སོང་སོགས་ཐད་དུ་དཀའ་ངལ་མང་པོ་མཆིས་ཀྱང་། ཁོང་གིས་དཀའ་སྡུག་ཁྱད་དུ་བསད་དེ་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ས་ཁུལ་དང་མཚོ་སྔོན། སི་ཁྲོན་ཞིང་ཆེན་སོགས་ཀྱི་བོད་ཡུལ་དུ་ཆས་ནས་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་ལེགས་པོ་གནང་བས་མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐད་དུ་ལག་རྗེས་བསམ་གྱིས་མི་ཁྱབ་པ་བསྐྲུན་པ་ལས་གཞན་ཟློས་གར་ཚོགས་པར་ཡོང་སྒོ་ཡང་ཅུང་ཙམ་འཕར་སྣོན་བྱུང་།

1981ལོར་ཁོང་ཉིད་གདན་འདྲེན་ཞུས་ནས་ཀན་ལྷོ་ཁུལ་ཟློས་གར་ཚོགས་པའི་ནང་ཞུགས་ཤིང་། ཁོང་གིས་གླིང་སྒྲུང་ལས་《བདུད་འདུལ》དང་《ཨ་སྟག་ལྷ་མོ》སོགས་ཀྱི་སྒྱུ་རྩལ་མི་སྣ་གཙོ་བོ་འཁྲབ་སྟོན་བགྱིས་མྱོང་བར་མ་ཟད། ད་དུང་ཟློས་གར་ཚོགས་པའི་འཁྲབ་གཞུང་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པའི་འགན་ཁུར་ནས་ཟློས་གར་འཁྲབ་སྟོན་བགྱིས་པར་ས་ཁུལ་སོ་སོས་ལྟད་མོ་བ་ཚོས་དགའ་བསུ་ཚད་མེད་གནང་མྱོང་། དུས་དེར་བོད་ལྗོངས་ཞོ་སྟོན་གྲ་སྒྲིག་ཚོགས་པས་ཀྱང་ཀན་ལྷོའི་ཟློས་གར་ཚོགས་པའི་གནས་ཚུལ་རྟོགས་ནས་གདན་འདྲེན་ཞུས་ཤིང་། དེ་བཞིན་ལྷ་ལྡན་གྲོང་ཁྱེར་ལ་ཆས་ནས་གེ་སར་སོགས་ཀྱི་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་པར་བསྟོད་པ་འཛད་མེད་ཐོབ།

1984ལོའི་ཟླ་8པའི་ནང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གེ་སར་སྒྲུང་གཞུང་ལས་ཁང་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གཉིས་མཉམ་འབྲེལ་གྱིས་ཞིང་ལྗོངས་བདུན་གྱི་སྒྲུང་པ་གྲགས་ཅན་རྣམས་བོད་ལྗོངས་ལྷ་ས་རུ་བསྡུས་ནས་འགྲན་བསྡུར་སྐབས་སུ་སྒྲུང་པ་སྐལ་བཟང་གྲགས་པ་ལགས་ཀྱང་ཀན་སུའུ་ཞིང་ཆེན་གྱི་ཚབ་བྱས་ནས་ལྷ་སར་ཕེབས་ཤིང་སྒྲུང་བཤད་པར་ཆེད་མཁས་པ་དང་མང་ཚོགས་ཀྱི་གདེང་འཇོག་བླ་ལྷག་ཐོབ།

1986ལོའི་ཟླ་4པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་རྒྱལ་ཁབ་རིག་གནས་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཁོང་ཉིད་ལ་གཟེངས་རྟགས་གནང་ནས་གེ་སར་རིག་གནས་བྱ་བར་ཕྱག་རྗེས་མི་དམན་པ་བཞག་པར་ཁས་ལེན་དང་བསྔགས་པ་བརྗོད།

1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས་ཀྱི་གོ་སྐབས་ལེགས་པོ་བྱུང་བའི་སྐབས་དང་བསྟུན་ནས་སྐལ་བཟང་གྲགས་པས་གླིང་སྒྲུང་ཡང་བསྐྱར་བཤད་པའི་མགོ་བརྩམས་ཤིང་། སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་དང་ཀན་ལྷོ་ཁུལ། སི་ཁྲོན་བོད་ཡུལ་བཅས་ཀྱི་རླུང་འཕྲིན་ལས་ཁུངས་ཀྱི་གར་སྟེགས་བརྒྱུད་དེ་གླིང་སྒྲུང་ཉི་ཤུ་ལྷག་སྒྲ་ཕབ་ནས་རྒྱང་སྒྲོག་ལས་ཐེངས་མང་བཏང་བས་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་བརྗེད་པར་དཀའ་བའི་བག་ཆགས་བཞག་ཡོད་པར་མ་ཟད་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་སྦྱིན་ནོ། །ཁོང་གིས་གླིང་སྒྲུང་སྒྲ་ཕབ་པའི་སྒྲ་ཐག་ཆུ་ཚོད་ཉིས་སྟོང་ལ་བརྒལ་ཡོད་ལ་སྒྲ་ཐག་བསྡོམས་པས་དྲུག་བརྒྱ་ཡོད། “དང་ཐོག་ཁོང་གིས་སྒྲ་ཕབ་ལེན་བྱེད་སྐབས་ཆུ་ཚོད་གཅིག་གི་ཡོང་སྒོ་ལ་སྒོར་18དང་། ཁོང་གི་ཆུང་མས་ཀྱང་རླུང་འཕྲིན་ལས་ཁུངས་ཀྱི་མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲ་སོགས་བྱས་ནས་འཚོ་བའི་ཕྱོགས་ལ་ཁ་སྣོན་བཙལ་བ་དང་། ཟླ་གཅིག་གི་གླ་ཕོགས་སྒོར་70ཡིན་པར་བཤད།”     [1]སྤྱིར་ཁོང་གི་འཚོ་བའི་ཐད་དུ་དཀའ་བ་འབུམ་གྱིས་གདུང་ཡང་སྒྲུང་བཤད་ཀྱི་བསམ་བློ་ཏིལ་ཙམ་འགྱུར་མ་མྱོང་། སྐབས་དེ་ནས་བཟུང་ཁོང་གི་སྙན་པའི་གྲགས་པ་རང་རྒྱལ་ཙམ་མ་ཡིན་པར་རྒྱལ་ཁབ་གཞན་ཏེ་ཨ་མེ་རི་ཀ་དང་འཇར་པན། རྒྱ་གར། འབྲུག་ཡུལ། འབྲས་ལྗོངས། ལ་དྭགས་བཅས་སུ་ཁྱབ་དང་ཁྱབ་བཞིན་མཆིས། སྒྲུང་པ་སྐལ་བཟང་གྲགས་པའི་སྒྲུང་གླུ་སྙན་མོ་དེ་གནའ་ནས་ད་ལྟའི་བར་དུ་མཚམས་ཆད་མ་མྱོང་ལ་མང་ཚོགས་ཀྱིས་ཉན་འདོད་ཆེས་ཆེ་བའི་སྒྲུང་པ་ཡང་ཁོང་རང་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །

“གཞན་ད་རུང་ཁོང་ལ་ཁྱད་པར་ཅན་གྱི་ནུས་མཐུ་ལྡན་དེ།  མོ་རྩིས་ལུང་གསུམ་དང་། ཡུལ་ཐབས་སྨན་བཅོས་ཀྱང་ཤེས་ཤིང་བྱེད་མྱོང་བ་སོགས། ཆུང་དུས་ནས་ལས་རིགས་གང་སྦྱངས་ན་དེ་རིགས་ཤེས་སླ་བའི་བློ་རིག་བཀྲ་བ་ཞིག་རེད། ཁོང་ཉིད་ཀྱིས་སྨན་བཅོས་བྱས་ནས་མནར་སྡུག་ལས་ཐར་བ་དང་། བཀའ་དྲིན་རྗེས་སུ་དྲན་བཞིན་པའི་རྒྱ་བོད་སོག་གསུམ་གྱི་ཡོན་བདག་ཕོ་མོ་ད་ལྟའང་མང་པོ་མཐོང་རྒྱུ་ཡོད།”[2]འདི་ནི་སྒྲུང་པ་གྲགས་ཅན་གཞན་གང་མང་ལ་མེད་པའི་ཁྱད་ཆོས་དང་ཡོན་ཏན་ཁྱད་པར་ཅན་ཞིག་ཡིན་པ་སྨྲས་མ་དགོས་སོ། །

འདིར་ཆེད་དུ་གླེང་དགོས་པ་ཞིག་སྟེ། 1989ལོའི་ཟླ་5པར་ཁོ་བོས་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་གཙོ་འགན་འཁུར་བའི་སྐབས་སུ་ཆེད་མཁས་པ་བསོད་ལོ་དང་ཀོ་ཅིན་ཡོན་གཉིས་ཁྲིད་ནས་བསང་ཆུ་རྫོང་དུ་སྒྲུང་པ་སྐལ་བཟང་གྲགས་པ་འཚོལ་དུ་སོང་། འགྲོ་དོན་ནི་ངེད་ཅག་གིས་ཁོང་ཉིད་ཁྲིད་ནས་རྨ་ལྷོ་ཁུལ་དང་ཟི་ལིང་སོགས་སུ་སྒྲུང་བཤད་དུ་འཇུག་ཅིང་། དེར་བརྟེན་སྒྲུང་པ་དང་གླིང་སྒྲུང་རིག་གནས་འདི་འགོ་ཁྲིད་དམ་མང་ཚོགས་ཚོར་དྲིལ་སྒྲོག་བྱེད་པ། དེ་མིན་འཛིན་སྐྱོང་སྤེལ་གསུམ་གྱི་དམིགས་ཡུལ་འབའ་ཞིག་ཡིན་པ་བསྙོན་དུ་མེད།

དེ་ནས་ངེད་ཅག་སྒྲུང་པ་ཁོང་གི་ཁྱིམ་དུ་ཆས་ནས་ཁོང་ལ་འཕྲད་པ་དང་མཉམ་དུ་རྒྱུ་མཚན་མ་ལུས་པར་གསལ་བཤད་བྱས་རྗེས་གྲོས་མཐུན་གྱི་གན་རྒྱ་བཞག་སྟེ་ཕྱི་ཉིན་ལས་ཁུངས་ཀྱིས་མངགས་པའི་རླངས་འཁོར་ཆུང་བ་དེར་བསྡད་ནས་ལམ་ལ་ཆས་ཤིང་ཐོག་མར་རྨ་ལྷོ་ཁུལ་ཐུན་རིན་རྫོང་དུ་སླེབས་ཏེ། རྫོང་རིག་གནས་ཁང་གི་འགོ་ཁྲིད་དང་ལས་བྱེད་པ་ཚོའི་རོགས་རམ་ལ་བརྟེན་ནས་སྒྲུང་བཤད་ཀྱི་ཚོགས་ཆེན་བསྡུས་ནས་ཁོང་གིས་《ཨ་སྟག་ལྷ་མོ་》བཤད་པར་དགའ་བསུ་ཆེན་པོ་ཐོབ། དེ་ནས་ངེད་ཅག་རྩེ་ཁོག་རྫོང་དང་སོག་རྫོང་དུ་ཆས་ཏེ་ལས་བྱེད་པ་དང་མང་ཚོགས་ལ་སྒྲུང་བཤད་པར་དགའ་བསུ་ཐོབ་པ་ལས་གཞན་རྒན་པོ་རྒན་མོ་ཚོས་ཕྱག་འཚལ་ཞིང་མིག་ཆུ་ཤོར་བའི་ཚུལ་ཡིད་སྐྱོ་བ་རྣམས་མཐོང་བྱུང་། ཁོང་ཚོར་གླིང་སྒྲུང་ལ་ཉན་འདོད་སྐོམ་པས་ཆུ་དང་ལྟོགས་པས་ཟས་ལྟ་བུ་ཡོད་པ་ཤུགས་སུ་རྟོགས་ཐུབ། དངོས་གནས་ངེད་ཅག་ལ་སེམས་འགུལ་ཆེན་པོ་ཐེབས་འདུག མི་ཚོས་ངག་ལས་སྐལ་བཟང་གྲགས་པའི་སྒྲུང་སྐད་གོ་མྱོང་བ་མ་གཏོགས་མི་ངོ་མ་མཐོང་མ་མྱོང་བས་ད་ཐེངས་དངོས་སུ་མིག་གིས་མཐོང་བས་ཤིན་ཏུ་དགའ་མགུ་ཡོད་ཅེས་སྨྲས་སོ། །དེ་རྗེས་གཅན་ཚ་རྫོང་དུ་སླེབས་ནས་རྫོང་སློབ་འབྲིང་གི་དགེ་སློབ་རྣམས་དང་ལས་བྱེད་པ་སྐོར་ཞིག་ལ་སྲིད་གཞུང་གི་ཚོགས་ཁང་ཆེན་པོའི་ནང་དུ་སྒྲུང་བཤད་པར་བག་ཆགས་ཟབ་མོ་བཞག་ཅིང་གདེང་འཇོག་གང་ལེགས་གནང་བྱུང་། དགེ་སློབ་རྣམས་ཀྱིས་དགའ་བསུའི་ཐལ་སྒྲ་གཅིག་རྗེས་གཉིས་མཐུད་དུ་ལྷང་ལྷང་དུ་གྲགས་བྱུང་། རྗེས་མར་ཟི་ལིང་གྲོང་ཁྱེར་ལ་ཡོང་ནས་ཟི་ལིང་གི་བོད་ཀྱི་འགོ་ཁྲིད་དང་ལས་བྱེད་པར་སྒྲུང་བཤད་པས་སྤྲོ་བ་ཤིན་ཏུ་རྒྱས། མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་བོད་རིགས་འགོ་ཁྲིད་རྡོར་བྷ་དང་ཞབས་དྲུང་དཀར་པོ་ཚང་། སྐལ་བཟང་རྡོ་རྗེ། དེ་མིན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་བཅས་པས་ལེགས་པོས་གསན་པར་མ་ཟད་དགའ་བསུ་ཚད་མེད་གནང་ཞིང་རྗེས་མར་ད་རུང་འདི་འདྲའི་བྱ་འགུལ་སྤེལ་རྒྱུའི་རེ་བ་ནན་བཤད་བྱས། སྐབས་དེར་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གིས་ཁོང་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་དང་སྔོག་འདོན་བཅས་པར་གྲུབ་འབྲས་ལེགས་པོ་ཡོད་པའི་གཟེངས་བསྟོད་ཀྱི་དཔང་ཡིག་གནང་མྱོང་། དེ་རྗེས་ནས་སྒྲུང་པ་སྐལ་བཟང་གྲགས་པ་ཞིང་ཆེན་རླུང་འཕྲིན་ཁང་དུ་གདན་འདྲེན་ཞུས་ལྟར་ཆས་ནས་གླིང་སྒྲུང་སྒྲ་ཕབ་པའི་ལས་འགན་ལེགས་འགྲུབ་བྱས་ཏེ་ཕྱིར་ཕ་ཡུལ་དུ་ལོག         

1989ལོའི་དབྱར་ཁར་ཁོང་རང་ནུབ་བྱང་མི་རིགས་སློབ་ཆེན་གེ་སར་ཞིབ་འཇུག་གླིང་གིས་གདན་འདྲེན་ཞུས་པ་ལྟར་ལན་ཀྲོའུ་རུ་ཕེབས་ནས་སློབ་ཆེན་གྱི་གར་སྟེགས་ཆེན་པོའི་སྟེང་དུ་བོད་རིགས་དགེ་སློབ་གཙོ་བྱས་པའི་རིགས་སོ་སོའི་དགེ་སློབ་རྣམས་ལ་གླིང་སྒྲུང་ཐེངས་མང་གྱེར་བཤད་དང་ད་དུང་འབྲེལ་ཡོད་ཀྱི་དགེ་སློབ་རྩ་འཛུགས་གནང་སྟེ་གེ་སར་གྱི་ཟློས་གར་《རྟ་རྒྱུག་རྒྱལ་འཇོག》དང་《ཧོར་གླིང་གཡུལ་འགྱེད》འཁྲབ་ཁྲིད་གནང་སྟེ། ལས་ཁུངས་དང་རོང་འབྲོག་སྡེ་བར་ཐེངས་གང་མང་ལ་འཁྲབ་སྟོན་བགྱིས་ནས་གེ་སར་རིག་གནས་བརྒྱུད་སྒྲོག་བསམ་གྱིས་མི་ཁྱབ་པ་གནང་བས། ས་གནས་སོ་སོའི་རྒན་གཞོན་མང་པོས་སྙིང་ཁོང་རུས་པའི་གཏིང་ནས་དགའ་མགུ་ཡི་རངས་ཞུས་སོ།།

ང་ཚོས་སྒྲུང་པའི་རིགས་ཀྱི་ཆ་ནས་འཆད་ན་སྐལ་བཟང་གྲགས་པ་ནི་བབས་སྒྲུང་དང་གཏེར་སྒྲུང་པྲ་སྒྲུང་བརྒྱུད་སྒྲུང་ཐོས་སྒྲུང་གང་ལའང་མི་གཏོགས། ཁོང་ནི་བསླབ་སྒྲུང་ལ་གཏོགས་པའི་སྒྲུང་པ་ཡིན། བསླབ་སྒྲུང་གི་སྒྲུང་པའི་མཚན་ཉིད་དེ་ཐོག་མར་ཡི་གེ་ཤེས་དགོས་ལ་གླིང་སྒྲུང་གི་གླུ་རྟ་ཤེས་དགོས། དེ་ནས་སྐད་ངག་ཅུང་ཡག་པོ་ཞིག་ཡོད་ན་ལེགས། གལ་སྲིད་མེད་ཀྱང་བཤད་ཆོག་མོད་སྙན་མོ་མིན། ཁོང་ཚོའི་སྒྲུང་བཤད་ཀྱི་ཁྱད་ཆོས་ཏེ་སྒྲུང་ཡིག་ལ་བལྟས་ནས་བཤད་པའམ་ཡང་ན་ཚན་པ་རེ་དང་ལེའུ་རེ་བློར་བཟུང་ནས་བཤད་པ།  སྒྲུང་གི་གླུ་རྟ་གང་ལ་གོམས་ན་དེ་སྤྱོད་ཆོག སྐལ་བཟང་གྲགས་པར་སྒྲུང་ཡིག་དང་ཁ་བྲལ་ནས་བློར་བཤད་པའི་སྲོལ་ཆགས་མེད་དོ།།

དེ་ཡང་ལོ་རབས་དགུ་བཅུ་པའི་མགོར་ཀན་ལྷོ་ཁུལ་དོན་གྲུབ་བོད་རིགས་རིག་གནས་ཀུང་ཟིས་གདན་འདྲེན་ཞུས་པ་ལྟར་ཁོང་གིས་ནུས་རྩལ་ཡོད་དགུ་བཏོན་ནས་གླིང་སྒྲུང་《འཛམ་གླིང་སྤྱི་བསང་》དང་《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》《མདོ་མཛངས་བླུན》སོགས་སྒྲ་ཕབ་པ་ལས་གཞན་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་བསང་མཆོད་དང་རྟེན་འབྲེལ་སྨོན་ཚིག  གནས་བསྟོད་ས་བསྟོད། དགོན་སྡེའི་ལོ་རྒྱུས།  བླ་མའི་རྣམ་ཐར། ཞལ་འདོན་བསོད་འདེབས་སོགས་སྣ་ཚོགས་སྒྲ་ཕབ་ནས་ཕྱོགས་བཞིར་བཀྲམས་ཤིང་ཀུན་གྱི་དགའ་བསུ་ཚད་མེད་ཐོབ།

གཉིས་པ།  སྒྲུང་བཤད་ཀྱི་ཐུན་མིན་ཁྱད་ཆོས།

གཅིག  སྒྲུང་དཔེ་གང་དང་གང་ཡིན་རུང་བརྗོད་དོན་གསལ་པོར་གོ་བ་ལོན་པ་དང་ཚིག་འབྲུ་རེ་རེའི་དོན་ཁ་སྐད་དང་ཡིག་སྐད་འདྲེས་མས་བརྗོད་ཐུབ་པས་ཉན་པ་པོའི་ཡིད་ལ་གསལ་པོར་ངེས་སུ་འཇུག་ཐུབ་པའི་དགེ་མཚན་ཡོད།

གཉིས། གླིང་སྒྲུང་རིང་ཐུང་གང་ཡིན་ཀྱང་སྒྲ་ཕབ་པའི་སྐབས་དང་མང་ཚོགས་ལ་བཤད་པའི་དུས་སུ་ཚིག་དང་མིང་བརྡ་གཅིག་ཀྱང་བསྐྱར་ཟློས་མེད་ལ་འཁྲུལ་བའང་མེད། འདི་སྒྲུང་པ་གཞན་སུས་ཀྱང་རྔོ་མི་ཐོགས།

གསུམ། ཁོང་གིས་བཤད་པའི་སྒྲུང་སྨྲ་སྒོ་དག་ལ་ཚིག་འབྲུ་གསལ། དག་གཙང་གི་སྒྲ་དང་སྙན་འཇེབས་ཀྱི་དབྱངས། སྒྲ་གདངས་དྲག་ཞན་གྱི་འགྱུར་བ་ལྡན་ལ་དབུགས་དབྱུང་གི་དམ་ལྷོད་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མཆིས་པས་རོང་འབྲོག་སུས་ཀྱང་གོ་བདེ་ཞིང་ཉན་འདོད་ཆེ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པ་ཆགས་ཡོད།

བཞི། སྒྲུང་པ་སྐལ་བཟང་གྲགས་པའི་སྒྲུང་རྟ་ནི་བོད་ཆོལ་ཁ་གསུམ་དུ་གནའ་སྔ་མོར་གོ་ཐོས་མ་མཆིས་པའི་གླུ་རྟ་གསར་པ་མང་། གླུ་རྟ་ཉམས་འཚར་ཅན་དེ་དག་ཐོག་མར་ཁོང་གིས་མདོ་སྨད་ཡུལ་གྱི་གླུ་རྟར་གཞིར་བཟུང་ནས་གསར་དུ་གཏོད་པ་ཡིན་པར་འདོད། ད་ལྟ་མདོ་དབུས་ཁམས་གསུམ་གྱི་སྒྲུང་པ་མང་པོས་ཁོང་གི་གླུ་རྟར་སློབ་སྦྱོང་གྱེར་ལེན་བྱས་དང་བྱེད་བཞིན་མཆིས། དངོས་གནས་འགྱུར་ཁུགས་སྙན་པོས་ཚངས་བའི་གདངས་ཀྱང་ཟིལ་གྱིས་གནོན་པའི་སྣང་བ་སྟེར།

ལྔ། ཁོང་གིས་བཤད་པའི་མི་སྣ་གཙོ་བོའི་གླུ་རྟ་ལྟོས་བཅོས་ཀྱིས་གཏན་འཁེལ་བྱས་ཡོད། དཔེར་ན། གེ་སར་རྒྱལ་པོའི་ཁྲོམ་ཆེན་ཟིལ་གནོན་དང་སེང་ལྕམ་འབྲུག་མོའི་དགུ་སེང་དྲུག་འགྱུར། སྤྱི་དཔོན་རྒྱལ་པོའི་དལ་བ་རིང་མོ། སྟག་རོང་ཁྲོ་ཐུང་གི་ཧ་ར་ཧུར་ཐུང་། རྒྱ་ཚ་ཞལ་དཀར་གྱི་དཀར་མོ་དྲུག་འགྱུར།  ཚ་ཞང་འདན་མའི་ཐ་ལ་དྲུག་འགྱུར། ནེའུ་ཆུང་མཚར་ཡག་གི་ཅོ་གའི་དྲུག་འགྱུར་ལྟ་བུར་མཚོན་ན་གླུ་རྟའི་དབྱངས་ཀྱི་འགྱུར་ཁུགས་ལེན་སྟངས་གཅིག་མིན་ལ་ཕན་ཚུན་གྱི་དབྱངས་རྟ་སོ་སོ་མི་མཚུངས་པར་འགྱུར་མེད་གཏན་ཕབ་བྱས་ནས་ལེན་པའི་སྲོལ་ཆགས་པ་འདི་ངོ་མཚར་ཆེ་སྙམ། རྒྱུ་མཚན་ད་ལྟ་མདོ་དབུས་ཁམས་གསུམ་གྱི་སྒྲུང་པ་ཚོས་སྒྲུང་ནང་གི་མི་སྣ་གཅིག་གི་དབྱངས་རྟ་མི་མཚུངས་པ་མང་པོ་ལེན་ཚུལ་ཡོད་ཅིང་ད་དུང་ལེན་སྟངས་རེ་ལ་དབྱངས་རྟ་གཅིག་གྱུར་མིན་པ་འདི་དམིགས་སྔར་ཐག་གཅོད་མ་ཐུབ་པའི་གནད་འགག་ཅིག་ཡིན། དཔེར་ན། སྒྲུང་པ་བཅུ་ཡོད་ན་འདྲ། བརྒྱ་ཡོད་ཀྱང་འདྲ། ཚང་མའི་གླུ་རྟ་ཉོག་ཡོད་ཅིང་ཐེངས་རེར་སྒྲུང་ནང་གི་མི་སྣ་གཅིག་གི་དབྱངས་རྟ་ལེན་སྟངས་ཀྱང་གཏན་འཁེལ་མེད་པར་གང་འདོད་ལྟར་ལེན་བཞིན་ཡོད། ད་ལྟ་སྒྲུང་དཔེ་ནང་གི་མི་སྣ་རེ་དང་སྒྲུང་པ་རེ་རེའི་གླུ་རྟ་གཅིག་གྱུར་མིན་པ་སོགས་ངེས་པར་དུ་ཐག་གཅོད་བྱ་དགོས་པའི་དུས་སུ་བབས་ཡོད་དོ །།

དྲུག ཁོང་གིས་གླིང་སྒྲུང་བཤད་པའི་སྐབས་སུ་ཉན་མཁན་ཚོས་དུ་བ་མི་འཐེན་པ་དང་འུར་མི་རྒྱག་པ། ཕན་ཚུན་འགྲོ་འོང་མི་བྱེད་པ། དད་པའི་ངང་ནས་གསན་དགོས་པའི་རེ་འདུན་ཡོད། རྒྱུ་མཚན་ཁོ་རྒྱུད་དྲང་ལ་ཁ་ཁོག་མེད་པའི་མི་ཞིག་ཡིན། ད་དུང་ཁོང་གིས་གསུང་རྒྱུར། “ང་སྐལ་བཟང་གྲགས་པ་མ་བརྩི་ན་ཆོག་མོད་ཀྱང་གེ་སར་གྱི་སྒྲུང་ནི་སངས་རྒྱས་ཀྱི་གསུང་དང་གེ་སར་རྒྱལ་པོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་སྲས་ཡིན་ན་མ་གུས་མ་བཀུར་ན་གང་ན་ཆོག་གམ་”[3]ཞེས་ཡང་ཡང་ཞུ་བ་གོ་མྱོང་། འདིར་ཁོང་ཉིད་གླིང་རྗེ་གེ་སར་མཆོག་ལ་དད་འདུན་ཟློག་མེད་མཆིས་པ་བཤད་མ་དགོས་སོ།།

བདུན། སྒྲུང་པ་སྐལ་བཟང་གྲགས་པ་ནི་མི་གཞན་དང་མི་མཚུངས་པར་བཤད་ཕོད་པ་དང་སྒྲུབ་ཕོད་པའི་བློ་སྟོབས་ཅན་ཞིག་ཀྱང་ཡིན། གལ་སྲིད་ཁོང་ཉིད་ལ་ལྟ་བ་གསར་བ་དང་མི་མཐུན་པའི་བསམ་འཆར་རེ་ཡོད་ཚེ་ཆེ་བ་བླ་སྤྲུལ་དང་འགོ་ཁྲིད་ཡིན་ན་འདྲ། ཆུང་བ་ལས་གྲོགས་དང་མི་སེར་དཀྱུས་མ་གང་ཡིན་ནའང་འདྲ།  ཁོས་ཐད་ཀར་གདོང་ལ་བརྗོད་ཕོད་པའི་སྤོབས་པ་མངའ།

བརྒྱད། སྒྲུང་པ་གྲགས་ཅན་སྐལ་བཟང་གྲགས་པ་ལགས་ནི་གླིང་སྒྲུང་གྱེར་བཤད་གནང་བར་མཚན་སྙན་མཐོན་པོ་ཡོད་པར་མ་ཟད། བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་དང་གནའ་རྒྱལ་ཚེ་ལོ་ལྟ་བུའི་དམངས་ཁྲོད་ཀྱི་གནའ་གཏམ་མང་པོ་འཆད་པར་ནང་བྱན་ཆེ་བ།  ལྷག་པར་དུ་བརྗོད་དོན་ཅུང་གཏིང་ཟབ་པའི《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དང《མདོ་མཛངས་བླུན》ལྟ་བུའང་འཆད་པར་ཐོགས་པ་མེད་ལ་བརྗོད་བྱའི་དོན་གཅིག་ཀྱང་མ་ལུས་པར་ཕ་རོལ་བའི་བློ་ངོར་འཇོག་ཐུབ་པའི་ནུས་པ་ལྡན། སྤྱིར་གླེགས་བམ་འདི་དག་གི་བརྗོད་དོན་གཙོ་བོ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཀྱི་གཞུང་ཆེན་པོར་འབྲེལ་ཡོད་ཀྱང་མཁས་པའི་གསུང་སྒྲོས་ལས། “དུས་ཀྱི་ས་ཡིས་ཐེག་མིན་ཀྱང་།  ། ཁྱེད་ཀྱི་བློ་གྲོས་སོར་མོས་རྩེན། །”[4]ཞེས་གསུངས་པ་ལྟར་ཁོང་གིས་ཁ་གསལ་ཁུངས་དག་གིས་འགྲེལ་པ་ཤིན་ཏུ་ལེགས་པོ་གནང་ཐུབ་པ་ཁོ་བོས་དངོས་སུ་ཐེངས་མང་ལ་ཉན་མྱོང་ངོ་།།

སེམས་སྐྱོ་བ་དང་གདུང་བ་ཞིག་སྟེ། 2005ལོར་ཁོང་ཉིད་ལ་མི་འདོད་པའི་ན་ཚ་དྲག་པོས་མནར་ནས་མཐའ་མར་འཇིག་རྟེན་འདི་དང་དུས་གཏན་དུ་ཁ་བྲལ་བྱུང་། སྤྱིར་འཆི་བ་མི་རྟག་པ་འདི་ཆེ་ཆུང་སུ་ཡང་འབྱོལ་ཐབས་མེད་ཀྱང་ཁོང་ཉིད་དགུང་ལོ་ལྔ་བཅུའི་འགོ་རེག་པ་ཙམ་ཡིན་པས་རྒྱལ་ཁབ་དང་མི་རིགས།  ཁྱད་པར་དུ་གེ་སར་རིག་གནས་ཁྲོད་དུ་གྱོང་གུད་ཆེན་པོ་བཟོས་ཡོད་པ་བསྙོན་དུ་མེད་དོ།།

དེས་ན་ངེད་ཅག་གིས་སྔར་ལས་འབད་འབུངས་ལྷོད་མེད་ཀྱིས་གེ་སར་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བགྱིས་ནས་ཁོང་གི་གླིང་སྒྲུང་གི་སྒྲ་ཐག་དེ་དག་ཉར་ཚགས་གང་ལེགས་བྱས་ཤིང་པར་སྐྲུན་འགྲེམ་སྤེལ་དང་། རྒྱང་སྒྲོག། སྐད་འཕྲིན། མགྱོགས་འཕྲིན་བཅས་ཀྱི་འཕྲུལ་ལམ་བརྒྱུད་ནས་དར་སྤེལ་བྱ་རྒྱུ་ནི་ངེད་ཅག་རྗེས་མ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན་པ་རྟོགས་དགོས་ལ།  དེ་མིན་སྲིད་པའི་རྩེ་ན་དཀོན་པའི་ཁོང་གི་དབྱངས་རྟ་ཁྱད་མཚར་ཅན་དེ་དག་རྒྱུན་འཛིན་བགྱི་བའི་མི་སྣ་འཇོན་ཐང་ཅན་མང་པོ་སྐྱེད་སྲིང་བྱ་རྒྱུ་ཡང་གཡོལ་ཐབས་མེད་པའི་ལས་འགན་ལགས་སོ།།

གསུམ་པ། སྒྲུང་པ་སྐལ་བཟང་གྲགས་པ་ལས་འཕྲོས་པའི་གཏམ།

གཅིག  སྒྲུང་པ་སུ་དང་སུ་ཡིན་རུང་ཚང་མ་རང་ཉིད་འཚར་ལོངས་བྱུང་བའི་ལམ་ཁ་རུ་དེ་འདྲའི་བདེ་ཞིང་སྐྱིད་པ་ཙམ་ཞིག་མིན་པར་དེ་ཡང་ཀྱག་ཀྱོག་དང་དཀའ་སྡུག་ཆེ་བའི་བཞུད་ལམ་ཞིག་བརྒྱུད་དགོས་པ་འདི་ཆོས་ཉིད་རེད་ཟེར་ན་ཅིས་མི་ཆོག  བསླབ་སྒྲུང་པ་སྐལ་བཟང་གྲགས་པར་མཚོན་ན་ལར་སྒྲུང་པ་རྣམ་དག་ཅིག་ཡིན་ལ་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་གླིང་སྒྲུང་རིག་གནས་ལ་དགའ་བ་དུངས་པ་ཆེ་བ་དེ་སུས་ཀྱང་མཁྱེན་གསལ་ལྟར་རོ། །ཡིན་ན་ཡང་ལོ་རབས་དགུ་བཅུ་པའི་ནང་དུ་སྐལ་བཟང་གྲགས་པར་གཏམ་ངན་མང་པོ་བསྒྲགས་ནས་ཁོང་གིས་རིག་གནས་འཛིན་སྐྱོང་ལ་བར་ཆད་བཟོས། བར་སྐབས་ཤིག་ལ་ཁོང་གི་བཤད་པའི་སྒྲུང་དཔེ་རྒྱང་སྒྲོག་དང་སྒྲ་སྡུད་འཕྲུལ་འཁོར་སོགས་སུ་ཡང་གཏོང་མཚམས་བཞག་པའི་ཚོར་བ་བྱུང་། དེ་བཞིན་ངན་སྨྲས་ཅི་འདྲ་བྱས་ཀྱང་གསེར་ས་རུ་བཞག་ན་འོད་གནམ་གྱི་དཔེ་བཞིན་རིམ་གྱིས་ཁོང་ཉིད་གླིང་སྒྲུང་འཆད་གྱེར་པ་དཔེ་མེད་ཅིག་ཡིན་པ་ཚང་མས་ཁས་བླངས་ཏེ་ད་ལྟ་ཕྱོགས་བཞི་མཚམས་བརྒྱད་དུ་ཁོང་གི་སྒྲུང་གླུ་སྙན་མོ་དེ་གཏོང་བཞིན་ཡོད་པར་མ་ཟད། བསྟོད་པའི་ཚིག་ཀྱང་གང་སར་ཐོས་ཐུབ། འདི་ལས་ང་ཚོས་རྟོགས་ཐུབ་པ་ནི་སྒྲུང་པ་སུ་ཡིན་ཡང་རང་གིས་རང་ཉིད་བསྒྲག་མི་དགོས་ཏེ། གནའ་མིའི་གཏམ་དཔེ་ལ། “བུའི་བཟང་ངན་དགྲས་བསྒྲག་དགོས། བུ་མོའི་བཟང་ངན་གནས་ནས་བསྒྲག་དགོས་”ཟེར་བ་ཇི་བཞིན་གསེར་ངོ་མའམ་སྒྲུང་པ་རྣལ་མ་ཞིག་ཡིན་ན་གཞན་གྱིས་ལྷང་ལྷང་བསྒྲག་ཡོང་ངེས་ཡིན་པ་གདོན་མི་ཟ། འདི་ཡང་“རིག་པའི་བུ་ལ་བརྡ་དང་རི་སྤྱང་སྔོན་མོར་ཐོ་”ཟེར་བའི་དཔེ་བཞིན་ད་ལྟ་བོད་ཁུལ་གྱི་སྒྲུང་པ་ཡིན་མིན་གཉིས་ཀྱིས་རང་གིས་རང་ཉིད་ཆེ་བསྟོད་ཀྱི་སྣང་ཚུལ་གསར་བ་ཞིག་རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་གྱིན་གདའ་འོ།།

གཉིས། ཁོ་བོས་བོད་ཁུལ་གྱི་སྒྲུང་པ་ཡོད་ཚད་ལ་གང་ནུས་ཀྱིས་རྟོག་དཔྱོད་དང་ཞིབ་འཇུག་བྱས་པ་ལྟར་ན། མིང་དོན་གཉིས་མཚུངས་པའི་སྒྲུང་པ་ཕལ་ཆེར་ལྔ་བཅུ་ལྷག་ཡོད་པར་ཟིན་བྲིས་བྱས་ཏེ་དཔེ་དེབ་ཐོག་བཀོད་ཡོད་པ་ལས་གཙོ་བོ་བབས་སྒྲུང་དང་གཏེར་སྒྲུང་པ་ཡིན་ཟེར་བ་ཅུང་མང་། པྲ་སྒྲུང་པ་བསྡོམས་པས་གསུམ་བཞི་ལས་མེད། སྤྱིར་བབས་སྒྲུང་དང་གཏེར་སྒྲུང་པ་ཡིན་ན་བློ་ངོས་སུ་གླིང་སྒྲུང་བརྒྱ་ཉིས་བརྒྱ་ཡས་མས་བཤད་ཐུབ་ལ་འབྲི་ཐུབ་པ་ཞིག་ཡིན་དགོས། འོན་ཏེ་ད་ལྟའི་བབས་སྒྲུང་པ་འགའ་དང་གཏེར་སྒྲུང་པ་འགའ་ཡིས་བློ་ནས་དུས་ཚོད་ཕྱེད་ཀ་ཙམ་ལའང་བཤད་མི་ཤེས་ལ་འབྲི་ཡང་ལེའུ་གཅིག་ཙམ་འབྲི་མི་ཐུབ་པ་ཡོད། འདི་རིགས་ལ་ངེད་ཅག་གིས་དག་ཐེར་ལེགས་པོ་བྱ་དགོས་སྙམ།  ངེད་ཅག་བྱ་བ་སྒྲུབ་མཁན་དང་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་མུ་མཐུད་དུ་སྔར་བཞིན་མ་ཤེས་མ་གོ་ཇི་ལྟར་རྗེས་འབྲངས་ནས་ལེགས་ཉེས་དང་བདེན་རྫུན་གྱི་བླང་དོར་ལེགས་པོ་མ་བགྱིས་ན་“རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་”ཟེར་བའི་དཔེ་ལྟར། མ་འགྱངས་པར་སྐྱོན་གྱི་རྔ་མ་ལྷང་ངེར་འབུད་ངེས་ལགས། ཡུན་རིང་འདི་ལྟར་སྣང་མེད་དུ་བསྐྱུར་དྲགས་ན་གླིང་སྒྲུང་རིག་གནས་ལ་གནོད་འཚེ་ཐེབས་ཤ་སྟག་རེད།  བདེན་པ་བདེན་དྲང་གི་སྒྲུང་པ་ཞིག་ཡོང་བར་གལ་བོ་ཆེ། ཆོས་ལུགས་པའི་ངོས་སུ་བཤད་ན་རྫུན་འདི་རིགས་ནི་མི་ཆོས་བླ་མའི་རྫུན་གྱི་གྲས་སུ་འགྲོ་བ་ཡིན་པས་ཉེས་པ་ཆེན་པོ་བསགས་ཡོད། སྒྲུང་པའི་རིགས་ལས་གསང་བ་ལྐོག་གྱུར་གྱི་བབས་སྒྲུང་དང་གཏེར་སྒྲུང་། པྲ་སྒྲུང་གསུམ་ནི་ཤིན་ཏུ་གལ་འགངས་ཆེ། གཞན་ཏེ་བསླབ་སྒྲུང་དང་ཐོས་སྒྲུང་། བརྒྱུད་སྒྲུང་། ཐང་སྒྲུང་ལྟ་བུར་མཚོན་ན་རང་གི་འབད་པ་དང་ནུས་རྩལ་ལ་བརྟེན་ནས་སྒྲུང་པར་གྱུར་པས་ན་རྫུན་གཡོ་མང་པོའི་ནང་དུ་ལྷུང་ཐབས་མེད་དོ། །ད་རུང་ས་ཁུལ་འགའ་ཞིག་ལས་སྒྲུང་པ་སྐོར་ཞིག་གིས་ང་དག་སྣང་གི་སྒྲུང་པ་དང་རྟོགས་པ་ཉམས་ཤར་གྱི་སྒྲུང་པ་ཡིན་ཞེས་བརྗོད་པའང་མཐོང་མྱོང་། ད་དུང་ལ་ལས་དཔང་ཡིག་ཀྱང་ལག་ཏུ་བསྣམས་ཡོད། འདི་རིགས་ཆོས་འཇིག་རྟེན་གཉིས་ཀྱི་ཐད་དུ་དཔྱད་པ་གཏོང་ཐབས་བྲལ་བའི་ཚོར་བ་སྣང་ངོ་།།

གསུམ། སྒྲུང་པའི་བདེན་རྫུན་དང་བཟང་ངན་གྱི་ཤན་འབྱེད་དན་རྟགས་ཏེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཡོད་མེད་ལ་བལྟ་དགོས། གལ་སྲིད་སྒྲུང་པ་ཞིག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཡོད་ན་མི་རྣམས་ཀྱིས་ཁས་ལེན་མི་བྱེད་ཐབས་མ་མཆིས།  ད་དུང་སྒྲུང་པ་ཕུལ་བྱུང་ཅན་འདི་དག་ཆོས་ལུགས་དང་སེམས་གཙོ་རིང་ལུགས་རེད་ཟེར་མཁན་ལའང་དངོས་གཙོའི་བདེན་དཔང་སྤྲད་པས་ཁས་མ་བླངས་ཐབས་མེད་རེད། དཔེར་ན། ཡི་གེ་གཅིག་ཀྱང་མི་ཤེས་པའི་བབས་སྒྲུང་པ་སྟེ།བོད་ལྗོངས་ཀྱི་སྒྲུང་པ་གྲགས་པས་གླིང་སྒྲུང་15པར་སྐྲུན་བྱས་ཡོད། བོད་ལྗོངས་ཀྱི་སྒྲུང་པ་བསམ་གྲུབ་ཀྱིས་གླིང་སྒྲུང་43པར་སྐྲུན་བྱས། མཚོ་སྔོན་གྱི་སྒྲུང་པ་ཚེ་རིང་དབང་འདུས་ཀྱིས་གླིང་སྒྲུང་12པར་བསྐྲུན་བྱས། ཡུལ་ཤུལ་གྱི་སྒྲུང་པ་ཟླ་བ་གྲགས་པས་གླིང་སྒྲུང་16པར་སྐྲུན་བྱས། གཏེར་སྒྲུང་རིགས་ཀྱི་མགོ་ལོག་སྒྲུང་པ་གུ་རུ་རྒྱལ་མཚན་གྱིས་གླིང་སྒྲུང་30པར་སྐྲུན་བྱས། སྒྲུང་པ་བསྟན་འཛིན་གྲགས་པས་གླིང་སྒྲུང་22པར་སྐྲུན་བྱས། ཀན་ལྷོའི་སྐལ་བཟང་གྲགས་པས་མཚོ་སྔོན་རླུང་འཕྲིན་ཁང་དང་ཀན་ལྷོ་རླུང་འཕྲིན་ཁང་སོགས་སུ་སྒྲུང་དཔེ་20སྒྲ་ཕབ་ནས་བཏང་མྱོང་། སྒྲ་ཐག་600ལ་སླེབས་འདུག  སྒྲུང་པ་འདི་དག་གིས་བླངས་པའི་འབུར་ཐོན་གྱི་གྲུབ་འབྲས་ལ་སུས་ཀྱང་བསམ་པའི་གཏིང་ནས་ཁས་ལེན་པ་མ་ཟད་བསྟོད་པའི་གླུ་དབྱངས་ལེན་ངེས་རེད། དེ་ཕྱིར་གྲུབ་འབྲས་ནི་སྒྲུང་པའི་བདེན་རྫུན་དང་བཟང་ངན་འབྱེད་བྱེད་ཀྱི་ཚད་གཞི་འབའ་ཞིག་ཡིན་ཟེར་ན་ཅིས་མི་ཆོག

བཞི། གལ་སྲིད་སྒྲུང་པ་བསླད་མེད་རྣམ་དག་ཅིག་ཡིན་ཚེ་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་དང་གདེང་འཇོག་བླ་ལྷག་བྱེད་པ་གདོན་མི་ཟ། སྒྲུང་པ་དེ་རིགས་ལ་རྒྱལ་ཁབ་ཀྱི་སྲིད་གཞུང་ངམ་འབྲེལ་ཡོད་ལས་ཁུངས་རིམ་པས་མཐོང་ཆེན་གནང་ནས་ཆབ་སྲིད་དང་དཔལ་འབྱོར་བཅས་ཐད་དུ་ལྟ་གཟིགས་ལེགས་པོ་བྱ་དགོས། སྒྲུང་པ་རྣལ་མ་ཞིག་ཡིན་ཡང་སོ་སོའི་ནུས་པ་དང་གྲུབ་འབྲས་ཆེ་ཆུང་ཡོད་པ་ལྟར། ཆབ་སྲིད་སྟེང་ནས་སྲིད་གྲོས་དང་རྩོམ་རིག་སྒྱུ་རྩལ་ཚོགས་པ་སོགས་ཀྱི་ནང་དུ་འགན་དབང་གནང་སྟེ་དཔལ་འབྱོར་སྟེང་ནས་གླ་ཕོགས་དང་སྒྲུང་དཔེ་ཟིན་བྲིས། ལེགས་སྒྲིག །པར་སྐྲུན་བཅས་ཀྱི་མ་དངུལ་ཁ་མིན་དོན་གྱིས་ཐག་གཅོད་ལེགས་པོ་བྱེད་དགོས། སྔོན་ཆད་འདིའི་ཐད་དུ་ཀན་ལྷོའི་སྐལ་བཟང་གྲགས་པ་དང་བོད་ལྗོངས་ཀྱི་རྒན་བསམ་གྲུབ། མགོ་ལོག་གི་བསྟན་འཛིན་གྲགས་པ་བཅས་ལ་རོགས་སྐྱོར་བགྱིས་པ་དེ་འདྲ་ལེགས་པོ་མིན་པ་སུས་ཀྱང་ཤེས་གསལ་ལྟར་རོ།།

ལྔ། ད་ལྟའི་སྒྲུང་པ་ཚོས་བཤད་པའི་སྒྲུང་དཔེ་མི་ཉུང་པའི་སྟེང་དུ་སྒྲུང་པ་ག་གེ་མོས་བརྩམས་ཞེས་བཀོད་འདུག་པ་འདིར་འགལ་བ་ཆེན་པོ་ཡོད། རྒྱུ་མཚན་ནི་གཅིག་སྟེ་དམངས་ཁྲོད་ཀྱི་རིག་གནས་ཁོངས་སུ་གཏོགས་ཚེ་རྩོམ་པ་པོ་དངོས་སུ་མེད། དཔེར་ན་རྒྱ་ཆེ་ཞིང་གཏིང་ཟབ་པའི་དམངས་ཁྲོད་གཏམ་རྒྱུད་དང་དམངས་གླུ། ལ་གཞས། གཏམ་དཔེ། གབ་ཚིག་བཅས་ལ་རྩོམ་པ་པོ་མཐོང་རྒྱུ་མེད་པ་ལྟ་བུ། དེ་བཞིན་《ཧོར་གླིང་གཡུལ་འགྱེད》དང་《འཇང་གླིང་གཡུལ་འགྱེད》《བདུད་འདུལ》《འཁྲུངས་གླིང་》《རྟ་རྒྱུག》 སོགས་ལའང་རྩོམ་པ་པོ་འདི་རེད་ཟེར་བ་ཞིག་བཀོད་མེད་པ་ལྟར་རོ། །གལ་སྲིད་རྩོམ་པ་པོས་བརྩམས་པ་ཡིན་ན་དམངས་ཁྲོད་རིག་གནས་གྲས་སུ་མི་གཏོགས་ཤིང་རྩོམ་པ་པོའི་བརྩམས་ཆོས་གྲས་སུ་འགྲོ་དགོས། གཉིས་ཏེ་གལ་སྲིད་སྒྲུང་པའི་སྒྲུང་བཤད་པ་དང་འབྲི་པའི་སྐབས་སུ་ལྷའམ་གནས་བདག་གང་ཞིག་ཁོག་ཏུ་ཞུགས་པ་འམ་ཡང་ན་ལྷས་རོགས་ཁྲིད་ལ་བརྟེན་ནས་སྒྲུང་བཤད་པ་ཡིན་ན་རང་གིས་བརྩམས་ཞེས་བཀོད་ན་གཏན་ནས་མི་འགྲིག་འདོད། འོ་ན་འདིར་གེ་སར་ཆེད་མཁས་པ་དང་དཔེ་སྐྲུན་ཁང་གི་ཆེད་མཁས་པ་ཚོས་གསུང་བ་ལྟར་ན་སྒྲུང་པ་ག་གེ་མོས་ཕབ་ཅེས་བཀོད་ན་འགལ་བ་མེད་འདོད། ད་ལྟ་དེ་བཞིན་བཀོད་པའི་ལམ་དུ་འགྲོ་བའི་མགོ་བརྩམས་འདུག །འདིའི་ཐད་དུ་སྒྲུང་པ་ཡོད་དོ་ཅོག་གིས་གཟབ་ནན་བྱ་དགོས། “བཤད་ཤེས་ན་གཞན་གཏུག་པ། བཤད་མ་ཤེས་རང་གཏུག་པ་”ཟེར་པའི་དཔེ་བཞིན་ནོ།།

བཞི།   མཇུག་བསྡུ་བའི་གཏམ།

སྤྱིར་སྒྲུང་པ་སྐལ་བཟང་གྲགས་པ་ཁོང་གི་མི་ཚེ་གང་གི་གེ་སར་རིག་གནས་ཐད་དུ་བསྐྲུན་པའི་མཛད་པ་འཕྲིན་ལས་ནི་བསམ་གྱིས་མི་ཁྱབ་པ་དང་བརྗོད་ཀྱིས་མི་ལང་བ་ཡོད་པ་ཐམས་ཅད་རེ་རེ་བྲིས་ན་ཡིག་ཚོགས་ཀྱི་ལོ་འདབ་ཤིན་ཏུ་རྒྱས་འགྲོ་བར་དོགས་ནས་གཙོ་བོ་ལས་ཀྱང་གཙོ་བོ་གལ་ཆེན་ལས་ཀྱང་གལ་ཆེན་དག་གི་སྙིང་བོ་བསྡུ་ཅི་ཐབས་བགྱིས་ནས་རྩོམ་ཡིག་འདི་སྤེལ་པ་ཀུན་གྱིས་འཁུམས་སོ།  །

མདོར་ན། ཁོང་གི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་སྟེ་སྙིང་བསྡུས་བྱས་ན། ཁོང་ཉིད་ཀྱི་རུས་པའི་གསེང་ནས་བོད་གངས་ཅན་གྱི་རིག་གནས་ཆེ་ཆུང་ཀུན་ལ་དགའ་བ་དང་དུངས་པ་ཆེ་བ་དང་། ལྷག་པར་དུ་གླིང་སྒྲུང་རིག་གནས་ལ་ཤ་ཞེན་ཆེ་བ་འདི་འབུར་དུ་ཐོན་པའི་རྨང་གཞིའམ་རྩ་བ་ཡིན་པ་དང་གཅིག །བསྟན་པ་ཡང་དར་གྱི་འགོ་ནས་བཟུང་གླིང་སྒྲུང་རིག་གནས་བརྒྱུད་སྒྲོག་པའི་ཐོག་མ་དང་སྣ་ཁྲིད་པ། འཛིན་སྐྱོང་པའི་སྔ་མ་ཡང་ཁོང་ཉིད་རེད་ཟེར་ན་ཅིར་མི་ཆོག་པ་དང་གཉིས། གླིང་སྒྲུང་གང་ངམ་གཏམ་རྒྱུད་གང་ཡིན་རུང་ཐོགས་པ་མེད་ལ་ཁ་གསལ་ཁུངས་དག་གིས་འཆད་ཐུབ་པའི་ནུས་རྩལ་མཆིས་པ་དང་གསུམ།  རང་གིས་གསར་གཏོད་བགྱིས་པའི་དབྱངས་རྟ་ངོ་མཚར་བ་ཡོད་ཅིང་སྐད་ངག་དྲི་ཟའི་གདངས་ལ་འགྲན་ནུས་པའི་འགྱུར་ཁུགས་སྙན་མོ་མཆིས་པ་དང་བཞི།  སྤྱིར་བོད་ཀྱི་ཟློས་གར་དང་སྒོས་སུ་གེ་སར་གྱི་ཟློས་གར་གྱི་གྱེར་ལེན་ནམ་འཁྲབ་སྟོན་བགྱིས་པར་ནང་བྱན་ལྡན་ལ་ཁྱད་ཆོས་ཡོད་པ་དང་ལྔ། མི་ཚེ་ཐུང་ཐུང་ནང་དུ་བོད་པའི་རིག་གནས་ཡོད་དོ་ཅོག་སྣུམ་ཟད་ཀྱི་མར་མེ་བཞིན་ཉག་ཕྲ་བའི་སྐབས་སུ་ཁོང་གིས་སྤོབས་པ་ཆེན་པོའི་ངང་ནས་ཉམས་པ་སོར་ཆུད་དང་མ་ཉམས་པ་དར་སྤེལ་གཏོང་བར་ཕྱག་རྗེས་བསུབས་ཀྱང་བསུབ་ཐབས་མེད་པ་བསྐྲུན་ཡོད་པ་དང་དྲུག་བཅས་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ། །གཞན་ཡང་སྒྲུང་པ་སྐལ་བཟང་གྲགས་པའི་ལོ་རྒྱུས་དང་སྒྲུང་བཤད་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་སོགས་ལ་དཔྱད་བརྗོད་གཏོང་བ་དང་ཞོར་དུ་ད་ལྟ་བོད་ཁུལ་ཡོངས་ཀྱི་སྒྲུང་པ་རྣལ་མ་ཐམས་ཅད་སྲུང་སྐྱོབ་ཡག་པོ་བགྱིས་ནས་ཆབ་སྲིད་དང་དཔལ་འབྱོར་ཐོག་ཏུ་ལྟ་གཟིགས་གང་ནུས་བྱ་དགོས་པའི་རེ་འདུན་ནན་མོ་བཏོན་པ་དང་ཆབས་ཅིག་ད་ལྟ་སྤྱི་ཚོགས་ཐོག་ཏུ་སྒྲུང་པ་ཡིན་མིན་སྣ་ཚོགས་ཡོད་པའི་ཐད་གནས་པའི་གནད་དོན་དང་དག་ཐེར་ལེགས་པོ་བྱ་དགོས་པའི་བསམ་འཆར་ལྷག་བསམ་དཀར་བོས་བརྗོད་པ་ཡིན་ལ་དམིགས་ཡུལ་ཀྱང་སྐྱོན་བྲལ་གྱི་ངང་ནས་གེ་སར་རིག་གནས་སྔར་ལས་འཕེལ་རྒྱས་དང་རྒྱུན་འཛིན་ལེགས་པོ་ཡོང་སླད་ཡིན་ནོ།།


[1]གཙོ་སྒྲིག་པ།  ལྷུན་གྲུབ་དབང་མོ། སྨན་ཤུལ་རིན་ཆེན་རྡོ་རྗེ།《གེ་སར་སྒྲུང་གི་རིག་གཞུང་དཔེ་དེབ》(2013)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོར་པར་བཏབ། ཤོག་ངོས་162---169ལས་གསལ།

[2] གཙོ་སྒྲིག་པ།  ལྷུན་གྲུབ་དབང་མོ། སྨན་ཤུལ་རིན་ཆེན་རྡོ་རྗེ།《གེ་སར་སྒྲུང་གི་རིག་གཞུང་དཔེ་དེབ》(2013)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོར་པར་བཏབ། ཤོག་ངོས་162---169ལས་གསལ།

[3] 1989ལོའི་ཟླ་5པར་སྒྲུང་པ་དང་ངེད་ཅག་ལྷན་དུ་ཐུན་རིན་རྫོང་དང་གཅན་ཚ་རྫོང་། སོག་རྫོང་། རྩེ་ཁོག་རྫོང་། ཟི་ལིང་བཅས་སུ་ཆས་ནས་སྒྲུང་བཤད་པའི་སྐབས་སུ་རེ་འདུན་དེ་ཁོང་གིས་རྒྱུན་དུ་བཤད་པའི་སྲོལ་ཆགས་ཡོད།

[4] ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་བརྩམས། 《ཆབ་ཤོག་ཕྱོགས་བསྒྲིགས》1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས་15སྟེང་གསལ། 

རྩོམ་ཡིག་འདི་འབྲི་བའི་སྐབས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨན་ཤུལ་རིན་ཆེན་རྡོ་རྗེ་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་སྙིང་བོ་ཚེ་རིང་། བསང་ཆུ་རྫོང་གི་སྐལ་བཟང་གྲགས་པའི་ཆུང་མའི་མིང་བོ་རྣམ་རྒྱལ། བུ་མགོན་པོ་དོན་གྲུབ། ཁོ་བོའི་སློབ་མ་ཀླུ་རྒྱལ་ཚེ་རིང་དང་ཡི་དམ་འཚོ་བཅས་པས་གང་ནུས་ཀྱིས་རོགས་རམ་བགྱིས་པར་ལྷག་བསམ་དཀར་བོས་ཐུགས་རྗེ་ཆེ་ཞུའོ།།

རྩོམ་ཁུངས།《ཀྲུང་གོའི་བོད་རིག་པ》༢༠༢༢ལོའི་དེབ༡།

来源:岗巴路学平台,如有侵权,请联系删除!


点赞(0) 打赏

评论列表 共有 0 条评论

暂无评论

微信小程序

微信扫一扫体验

立即
投稿

微信公众账号

微信扫一扫加关注

发表
评论
返回
顶部